གསར་འགོད་པས་ཚེ་6ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཡ་རབས་ཡུལ་སྐོར་གྱི་ཕུགས་ཕན་ལས་ཀའི་ལམ་སྲོལ་འཛུགས་ཆེད་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་བཟོས་པའི《ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཐོ་འགོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཚེས་6ཉིན་ལག་བསྟར་བྱེད་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཐོ་འགོད་དོ་དམ་ལས་དོན་ཡང་དུས་གཅིག་ཏུ་སྤེལ་བ་རེད།
ཡུལ་སྐོར་གྱི་ཡིད་རྟོན་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ནས་སྤྱི་དམངས་ཀྱིས་ཡ་རབས་ངང་ཡུལ་སྐོར་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་ཨུ་ལྷན་གྱི《ཡ་རབས་ཡུལ་སྐོར་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་གཏན་འཁེལ་བྱས་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་ཡུལ་སྐོར་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་སྤྲད་པ་དང་འབྲེལ་དངོས་སུ་ལག་བསྟར་བྱས་པ་རེད། བྱ་ཐབས་དེ་གཞིར་བཟུང་ཞིང་ཆེན་རིམ་པའི་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཐོ་འགོད་བྱ་རྒྱུ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཐོ་འགོད་བྱེད་རྒྱུ་ཡིན་པ་རེད། ཞིང་ཆེན་རིམ་པའི་ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཐོ་འགོད་ཆ་འཕྲིན་དེ་འོག་རིམ་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་གོང་ཞུ་བྱེད་པའམ་ཡང་ན་སྨྱན་སྦྱོར་ཚན་པས་འཕྲིན་སྤེལ་བྱེད་པ་དང་སྤྱི་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་བསྡུ་རྒྱུ་ཡིན་པ་རེད། རྒྱལ་ཡོངས་ཀྱི་ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཐོ་འགོད་ཆ་འཕྲིན་དེ་ཞིང་ཆེན་རིམ་པའི་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་གོང་ཞུ་བྱེད་པའམ་ཡང་ན་སྨྱན་སྦྱོར་ཚན་པས་འཕྲིན་སྤེལ་བྱེད་པ་དང་སྤྱི་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་བསྡུ་རྒྱུ་ཡིན་པ་རེད། ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཐོ་འགོད་ཆ་འཕྲིན་ཉར་ཚགས་བྱེད་ཡུན་ལོ་གཅིག་ནས་གཉིས་བར་ཡིན་པ་དང་དུས་བཅད་དེ་ཆ་འཕྲིན་རྩིས་བཤེར་བྱས་པའི་ཉིན་ནས་བཟུང་བརྩི་རྒྱུ་ཡིན་པ་རེད།
བྱ་ཐབས་ལ་གཞིགས་ན། ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཟེར་བ་ནི་ཡུལ་སྐོར་བྱེད་སྒོའི་ནང་སྤྱི་སྤྱོད་རླངས་འཁོར་དང་། གློག་འཁོར། མེ་འཁོར། གྲུ་གཟིངས། མཁའ་བསྐྱོད་ཡོ་བྱད་དམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་། སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་དང་སྤྱི་པའི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བ། ཡུལ་སྐོར་བྱ་ཡུལ་གྱི་སྤྱི་ཚོགས་གོམས་སྲོལ་དང་མི་རིགས་ཀྱི་འཚོ་བའི་གོམས་གཤིས་དང་རྒྱབ་འགལ་བྱེད་པ། ཡུལ་སྐོར་བྱ་ཡུལ་གྱི་རིག་དངོས་གནའ་ཤུལ་ལ་གཏོར་སྐྱོན་གཏོང་བ། རྒྱན་བཙུགས་དང་གཡེམ་འཆལ་བྱེད་སྤྱོད་ནང་ཞུགས་པ་སོགས་ཀྱིས་རྐྱེན་པས་སྲིད་འཛིན་གྱི་ཆད་པ་ཕོག་པ་དང་ཁྲིམས་ཁང་གི་ཁྲིམས་བཅད་འཁུར་ནས་སྤྱི་ཚོགས་ཐོག་བག་ཆགས་ངན་པ་ཚབས་ཆེན་བཟོ་བའི་བྱེད་སྤྱོད་ལ་ཟེར། ཡུལ་སྐོར་བའི་མ་རབས་བྱེད་སྤྱོད་ཐོ་འགོད་བྱས་རྗེས་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་ཡུལ་སྐོར་བ་དེར་བརྡ་ཁྱབ་བཏང་ནས་དེར་ཁ་གསབ་ཀྱི་བྱ་སྤྱོད་སྤེལ་རྒྱུའི་དྲན་སྐུལ་བྱས་ནས་བག་ཆགས་ངན་པ་མི་ཐོན་པ་བྱེད་དགོས་པ་དང་དགོས་ངེས་སྐབས་སྤྱི་བདེ་དང་། འགག་སྒོ། མཐའ་མཚམས་ཞིབ་བཤེར། འགྲིམ་འགྲུལ། མི་དམངས་དངུལ་ཁང་གི་ཡིད་རྟོན་གྲོས་འདྲི་སྒྲིག་གཞི་བཅས་ལ་བརྡ་ཁྱབ་གཏོང་རྒྱུ་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)