ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཇིག་ཉེན་ཆེ་བའི་གནའ་བོའི་གྲོང་ཚོ་ཐ་ཀྱཱ།

2015-04-22 རིན་སྒྲོལ།

ཐ་ཀྱཱའི་སྡེ་དམངས་ཀྱིས་རང་ཉིད་ནི་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་ཐུ་བྷོད་དམག་དཔུང་གི་གདུང་རྒྱུད་ཡིན་པར་བཤད་ལ། མེས་པོ་ཨ་མྱེས་རིན་ཆེན་རྒྱལ་ནི་ཐུ་བྷོད་ཀྱི་དམག་དཔོན་ཆེན་པོ་ཡིན་པ་དང་། རྔ་མོང ༥༠༠ ལྷག་དེད་ནས་དེང་གི་ཤིན་ཅང་ས་ཆ་བསྐོར་ཏེ། རྔམ་ཞིང་བརྗིད་པའི་ངང་གནས་འདི་སྲུང་ནས་བསྡད། དུས་དེ་ནས་བཟུང་། ཁོང་གིས་བུ་རབས་ཚ་རྒྱུད་སྤེལ་ཏེ་གནས་འདིར་གཏན་སྡོད་བྱས། གོ་ཐོས་ལྟར་ན། ཨ་མེས་རིན་ཆེན་རྒྱལ་ལ་བུ་གསུམ་ཡོད་པ་ནི་དཔའ་ལུང་རྫོང་གི་ཐ་ཀྱཱ་ཞང་ཐ་ཀྱཱ་སྡེ་བ། བེ་ཀྱཱ་སྡེ་བ། ཀ་ཐོང་སྡེ་བ་གསུམ་པོའི་མེས་པོ་ཡིན་པར་བཤད་ལ། ལོ་རྒྱུས་དེབ་ཐེར་དུ། དེང་དཔའ་ལུང་དུ་འཚོ་སྡོད་བྱས་ཡོད་པའི་བོད་རིགས་ནི། གནའ་བོའི་ཆང་རིགས་ཀྱི་ཚོ་ཁག་སོ་སོ་དང་ཐུ་བྷོད་གཉིས་ཕན་ཚུན་འདྲེས་ནས། རིམ་བཞིན་ཐུན་མོང་གི་སྐད་ཆ་དང་རིག་གནས་ལྡན་པའི་བོད་མི་རིགས་ཀྱི་ཐུན་མོང་ཚོགས་པ་གྲུབ་པ་རེད་ཅེས་བཀོད་ཡོད་པ་ར་སྤྲོད་བྱས།

ཐ་ཀྱཱ་སྡེ་བ་ནི་ད་ལྟའི་བར་དུ་འཇིག་ཉེན་ཆེན་པོ་མ་བྱུང་བའི་གནའ་བོའི་གྲོང་ཚོའི་གྲས་ཤིག་ཡིན་ལ། དེ་སྔོན་ལ་རང་བྱུང་སྡེ་བ་ཡིན་པ་དང་། ད་ལྟ་སྲིད་འཛིན་སྡེ་བ་གཉིས་སུ་བགོས་ཡོད། སྡེ་བ་ནི་རི་ངོས་སུ་སྐས་དབྱིབས་ལྟར་ཆགས་ཡོད་ཅིང་། ཁྱིམ་གཞིས་དག་གནས་གང་ལེགས་སུ་ཕན་ཚུན་བསྣོལ་ཞིང་ཐུན་མོང་མ་ཡིན་པར་གྲུབ་ཡོད་པས། གནས་དེ་གའི་མི་རྣམས་ཀྱིས་ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་གྱི་རྣམ་པ་དང་འདྲ། སྡེ་བའི་ནང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་། མ་ཎི་ཁང་གི་འཛུགས་སྐྲུན། ཁྱིམ་གཞིས་འཛུགས་སྐྲུན་མང་པོ་ཡོད་ལ། རྡོ་ལེབ་དང་རྡོ་རིལ་གྱིས་གྲུབ་པའི་སྲང་ལམ་མང་། རྒྱང་ནས་བལྟས་ན་སྡེ་བ་ནི་རླུང་གཡབ་ཀྱི་དབྱིབས་ལྟར་མངོན་ཞིང་མུ་བཞིན་ཆགས་ཡོད། འོག་ནས་བལྟས་ན་རིམ་པ་རེ་རེ་བཞིན་ཇེ་མཐོ་དང་། བོད་ཁུལ་གྱི་དགོན་སྡེའི་འཛུགས་སྐྲུན་བཞིན་རྔམ་བརྗིད་ལྡན་པ་ཞིག་རེད།སྡེ་བར་ཆུ་བོ་གསུམ་དང་། ཆུ་མིག་བཅུ་ལྷག་ཡོད་པ་ལས་ཆེས་མིང་གྲགས་ཆེ་བ་ནི་བྱ་ཆུ་དང་འབྲུག་ཆུ་གཉིས་རེད། བྱ་ཆུ་ནི་བྱ་སྐད་སྒྲོག་པའི་ཆུ་མིག་ཡིན་པས་ཟེར་ལ། ཐ་ཀྱཱ་སྡེ་བ་གཉིས་པའི་བར་རྒྱུད་ཀྱི་ལམ་འགྲམ་དུ་ཆགས་ཡོད་ཅིང་། དེ་སྔ་རི་འདབས་ཀྱི་ཁྱིམ་གཞིས་འོག་ཏུ་ཡོད་པ་དང་། རྗེས་སུ་ལམ་གཞིར་གྱུར་བས། ཆུ་མིག་དེ་ཐ་ཀྱཱའི་ལུང་བར་བརྐྱངས། བྱ་ཆུ་ཟེར་དོན་ནི་དཔྱིད་དུས་བྱ་ཁུ་བྱུག་གྲགས་དུས་ལྷུང་ལྷུང་འབབ་པས་ཡིན། འབྲུག་ཆུ་ནི་འབྲུག་སྒྲ་གྲགས་དུས་འབབ་པའི་ཆུ་མིག་ཡིན་པས་ཟེར། ཐ་ཀྱཱ་སྡེ་བའི་སྡེ་དམངས་ཀྱིས་ལོ་རེ་རེར་ཆུ་མིག་གཉིས་ཡོད་སར་ཆར་འབེབས་ཀྱི་མཛད་སྒོ་གཟབ་རྒྱས་སྤེལ་ལ། གྲྭ་བའང་ཞུགས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་ཆུ་ལྷར་གསོལ་ནས་ཆར་ཆུ་འཛོམས་པའི་སྨོན་ལམ་འདེབས་ལ། བསམ་དོན་ལྷུན་གྱིས་འགྲུབ་པར་བྱེད་ཐུབ།

ཐ་ཀྱཱ་སྡེ་བས་ཁྱིམ་གཞིས ༢༠ ཙམ་བདག་གཉེར་ལེགས་པོ་བྱས་ཡོད། ལ་ལར་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད་ཅིང་། སྒོ་ཁའི་རྟ་འདོགས་བྱེད་ཀྱི་རྐོས་རིས་ཞིབ་ཕྲ་ཅན་ལས་དེ་དུས་མི་འཛོམས་རྟ་འཛོམས་ཀྱི་ཟང་ཟིང་གི་རྣམ་པ་དེ་རྟོགས་ཐུབ། ར་སྐོར་གྱི་གྱང་ནི་རྡོ་ཡིས་ཡོངས་སུ་གྲུབ་པ་དང་། འོག་གི་ཞེང་ཚད་ལ་ཧ་ལམ་སྨི ༤ ནས ༥ ཡོད། ནང་གི་བཀོད་པ་ནི་ཉིས་བརྩེགས་ཅན་གྱི་ཤིང་ཁང་དང་། ཕྱོགས་བཞི་ཁང་མིག་ཡོད། ཐོག་བརྩེགས་ནི་མིའི་སྡོད་ཁང་དང་། འོག་ནི་སྒོ་ཟོག་དང་དངོས་པོ་ཙག་ཙིག་འཇོག་ས་ཡིན། སྲོལ་རྒྱུན་གྱི་སྡོད་ཁང་དེ་དག་གི་སྒེའུ་ཁུང་ཅུང་ཆུང་བ་ནི་འགོག་སྲུང་གི་ཆེད་དང་། ཁང་བརྩེགས་ཀྱི་ཐོག་ནི་ངོས་མཉམ་ཡིན་ཞིང་། དེ་ལས་རྒྱང་ལྟ་དང་ལྭ་སྐམ་ན་ཧ་ཅང་བདེ། དེང་སང་སྡོད་ཁང་ལ་བཅོས་བསྒྱུར་བྱེད་མཁན་ཡོད་ལ། སྒེའུ་ཁུང་ཆུང་བ་དང་། དཀར་ཆ་མི་ལེགས་པའི་སྐྱོན་དེ་དེག་ལེགས་བཅོས་བྱེད་ཆེད་ཡིན། སྒེའུ་ཁུང་ཇེ་ཆེར་དང་། ཐབ་ཁ་དང་ཉལ་ས་ནི་ཁང་བའི་ནང་ངོས་ནས་སྒེའུ་ཁུང་སར་སྤོ་བ་བཅས་ཀྱི་བཅོས་བསྒྱུར་བྱེད་ལ། སྲོལ་རྒྱུན་གྱི་འཛུགས་སྐྲུན་རྣམ་པ་གཞིར་བཞག་བྱས་ཐོག ཁང་བར་དཀར་ཆ་དང་གཏོད་བཞིན་ཡོད། གཉིས་ཐོག་གི་ཕྱོགས་བཞི་བོ་ནི་འཁྱོག་ཁྱམས་དང་། ལན་ཀན་དང་རྩིག་ཡོལ་དུ་མེ་ཏོག་དང་བྱ་རིགས་ཀྱི་རྐོས་རིས་བརྐོས་ཡོད་པ་དང་། རི་མོ་མཛེས་ལ་བཟོ་རྩལ་ཤིན་ཏུ་ལེགས།

ཐ་ཀྱཱ་སྐམ་རྩིག་ནི་སྡེ་དམངས་རྣམས་ཀྱིས་གཟི་བརྗིད་དུ་འཛིན་པའི་རྡོ་རྩིག་ལག་རྩལ་ཞིག་ཡིན་ལ། འདམ་བྱེ་སོགས་མི་དགོས་པར་ཐད་ཀར་དུ་ར་སྐོར་གྱི་ཕྱི་གྱང་བརྩིག་ཆོག་པ་དང་། རྡོའི་ཆེ་ཆུང་དང་རྣམ་པ་ཇི་འདྲ་ཡིན་རུང་། བདེ་ཞིང་མྱུར་བའི་ངང་བརྩིག་ཐུབ། ཕྱི་ནང་གི་གྱང་ལ་མཇུག་མཐར་འདམ་བྱུགས་ཏེ་ངོས་མཉམ་པོར་གཏོང་དགོས། ཐ་ཀྱཱ་ས་ཁུལ་གྱི་གྱང་ངོས་སུ་རྟག་པར་རྡོ་ཞོ་བྱུགས་པ་དང་། ས་གནས་ཀྱི་མི་རྣམས་ཀྱིས་བཤད་སྲོལ་ལྟར་ན། ལོ་རེའི་ཟླ ༡༠ བའི་ཚེས ༢༥ ཡི་སྔོན་དུ་གྱང་ངོས་སུ་རྡོ་ཞོ་བྱུགས་ལ། དེ་ནི་རྗེ་ཙོང་ཁ་བ་ཆེན་མོར་རྗེས་དྲན་མཛད་པའི་ཆེད་ཡིན་པ་དང་། སྡེ་བའི་ཡུལ་སྲོལ་ཁྱད་འཕགས་ཅན་ཞིག་གྲུབ།

བོད་མི་རིགས་ནི་ནང་ཆོས་ལ་དད་མོས་བྱེད་པའི་མི་རིགས་ཤིག་ཡིན། ཐ་ཀྱཱའི་དམངས་སྲོལ་ལས་ཆོས་ལུགས་དད་མོས་གསལ་ལེར་མངོན་ཐུབ་ལ། འཚོ་བའི་ཁྲོད་དུ་སྣང་ཞིང་གནས་བབ་ཧ་ཅང་མཐོན་པོ་ཟིན་ཡོད་པ་ནི། དགོན་སྡེ་རི་སྐེད་དུ་ཆགས་ཡོད་པ་དང་། ཁྱིམ་གཞིས་དག་མཆོད་རྟེན་དང་། མ་ཎི་ཁང་གི་ཉེ་སར་བསྐྲུན་པ། དེ་ལས་སེར་སྐྱ་དང་། དགོན་སྡེ། དད་ལྡན་དམངས་ཚོགས། ཁྱིམ་གཞིས་བཅས་ཀྱི་སྤྱི་ཚོགས་འབྲེལ་བ་མཚོན་ཐུབ། ཞོགས་པའི་དུས་སུ་ལོ་ལོན་རྣམས་ཀྱིས་མ་ཎི་བསྐོར་བཞིན་མཆོད་རྟེན་ལ་བསྐོར་བ་བྱེད་ལ། ཁོ་ཚོས་འགྲོ་ཀུན་བདེ་ཞིང་། ས་གནས་བདེ་འཇགས་ཡོང་བའི་གསོལ་བ་ཡང་ཡང་འདེབས། དཔེ་མཚོན་རང་བཞིན་ལྡན་པའི་གྲོང་ཚོ་འདི་རུ་ད་དུང་ཟས་རིགས་སྣ་མང་དང་། དམངས་སྲོལ་ཁྱད་དུ་མཚར་བ་ཡོད་ཅིང་། བོད་མི་རིགས་ཀྱི་ཁྱད་མཚར་རིག་གནས་གསལ་ལེར་མངོན་ཐུབ།

ཁོ་ཚོ་ནི་མི་རབས་ནས་མི་རབས་བར་གནས་དེར་གཏན་སྡོད་བྱས་ལ། གནས་དེའི་རི་དང་ཆུ་མིག་ཐམས་ཅད་ནི་འཇིག་རྟེན་བྱེད་པའི་གནང་སྦྱིན་མཛད་པར་ཡིད་ཆེས་ལྷད་མེད་བྱེད། དེ་བས། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ། ཁོ་ཚོས་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཐམས་ཅད་ལ་གནོད་འཚེའི་ལས་གཏན་ནས་བྱས་མ་མྱོང་བ་དང་། དུས་ད་ལྟའང་ང་ཚོས་ཉམས་ཀྱིས་ཕྱུག་པའི་སྲོལ་རྒྱུན་གྲོང་ཚོ་བླ་མེད་དེ་མཐོང་ཐུབ་ཅིང་། དེར་དུས་རབས་ཀྱི་གོམས་སྟབས་དང་བསྟུན་མ་ཐུབ་པའི་ཆ་ཡོད་ལ། ས་གནས་དེའི་མི་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་སྲོལ་རྒྱུན་རིག་གནས་གཅེས་སྐྱོང་བྱེད་པའི་འདུན་པ་དྲག་པོ་ནི་ལྷག་ཏུ་མཚོན་པར་བྱས་ཡོད་པ་དང་། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་བྱས་ཡོད།

ཐ་ཀྱཱའི་གྲོང་ཚོ་ནི་ཁྱད་མཚར་བ་ཡིན་མོད། འོན་ཀྱང་ད་ལྟ་འཇིག་ཉེན་ཆེ། རྡོ་རྩིག་ལས་གྲུབ་པའི་ཁང་བ་དག་གི་འཛུགས་སྐྲུན་གྱི་སྒྲིག་གཞི་གཙོ་བོ་ཅུང་ཞན་པ་དང་། ཤིང་ཁང་གི་ཀ་བ་དང་། གདུང་བར་གས་སྲུབས་བྱུང་ཡོད་པས། ལ་ལ་ནས་བརྡིབ་ཀྱང་སྲིད། མི་རྣམས་ཀྱིས་རང་གི་ངལ་རྩོལ་ལ་བརྟེན་ནས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཁྱིམ་གཞི་གསར་བ་འཛུགས་སྐྲུན་བྱེད་པའི་རེ་འདུན་ནི་ཤིན་ཏུ་ལེགས། ཡང་སྲིད་གཞུང་གིས་གནའ་བོའི་གྲོང་ཚོའི་རིན་ཐང་ཡོངས་སུ་རྟོགས་ནས། དེ་སྲུང་སྐྱོབ་བྱེད་དགོས་པ་དང་ཆབས་ཅིག་ཏུ་དམངས་ཀྱི་འཚོ་བའང་འཕེལ་བར་བྱས་ཏེ། གནའ་བོའི་གྲོང་ཚོའི་རིག་གནས་དག་འཛིན་སྐྱོང་སྤེལ་གསུམ་གང་ལེགས་བྱེད་དགོས།

ཐ་ཀྱཱ་ནི་སྙན་ངག་བཞིན་ཡིད་འཕྲོག་ཅིང་། རི་མོ་ལྟར་མཛེས་པའི་དག་པའི་ཞིང་ཁམས་ཤིག་ཡིན་ལ། སྤྱི་ཚོགས་ཀྱི་རྣམ་པར་གནམ་སའི་འགྱུར་ལྡོག་འབྱུང་བཞིན་པའི་དུས་འདིར། ཐ་ཀྱཱ་ནི་སྔར་བཞིན་ཁ་ཁུག་སུམ་པོ་དང་ཁྱད་མཚར་བ་ཞིག་རེད།

འབྲེལ་ཡོད་རྩོམ་ཡིག