ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཕྱིའི་གསར་ལམ་དུ་ཚན་རིག་པས་ཀྲུང་གོ་བ་ཁུ་ལོན་པིའི་སྔོན་ལ་མེ་གླིང་དུ་འབྱོར་བར་འདོད་པ་སྤེལ།

2015-04-23 ཀླུ་འབུམ།

ཁུ་ལོན་པི།

ནུབ་ཕྱོགས་གསར་ལམ་དུ། ཨ་རིའི་ཁུ་ལོ་ལ་ཏོ་སློབ་ཆེན་གྱི་གནའ་རྫས་བརྟག་དཔྱད་པས་གཞི་འཛིན་ས་གསར་བ་རྙེད་བྱུང་བ་དང་། ཀྲུང་ཧྭའི་ཤེས་རིག་མེ་གླིང་དུ་ཡོང་བའི་དུས་ཚོད་ནི་མཚོ་འགྲུལ་བ་ཁུ་ལོན་པི་ལས་ཀྱང་སྔ་བ་བརྗོད་ཡོད།

སི་ཕན་གྱི《ཨ་པེ་སེ་ཚགས་པར》དྲ་བས་ཟླ ༤ ཚེས ༢༠ ཉིན་སྤེལ་དོན། ཨ་རིའི་སྣ་འདུས་ཚན་རིག་དྲ་རྒྱར་སྤེལ་བའི་རྩོམ་ཡིག་ཅིག་ཏུ། སློབ་གྲྭ་དེའི་ཞིབ་འཇུག་པ་ཨོལ་ཝུན་མེ་ཟུན་གྱིས་བསྟན་རྒྱུར། ཁོ་ཚོས་ཨ་ལ་སི་ཅའི་ཨེ་སི་ཕིན་པའོ་གྷི་ནས་སར་བུད་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཡ་གླིང་རིག་དངོས་གཞིར་བཟུང་ནས་གོང་གསལ་མཇུག་འབྲས་རྙེད་བྱུང་ཟེར།

ན་ནིང་ཟླ ༡༢ པར། ཨ་རིའི་མེ་ཤེལ་གྷན་སློབ་ཆེན་གྱིས་ཞིབ་འཇུག་གནས་ཚུལ་སྤེལ་དོན། ཡོ་རོབ་བྱང་མའི་མཚོ་ཇག་ནི་སྤྱི་ལོ་སྔོན་གྱི་ལོ་རབས ༨ པར་ཆེས་ཐོག་མར་མེ་གླིང་དུ་འབྱོར་བ་རེད་ཟེར། དེའི་གཞི་འཛིན་ས་ནི་ཞིབ་འཇུག་པས་ཁ་ན་ཏའི་བྱང་སྣེ་ས་ཁུལ་པཱ་ཧྥུན་གླིང་ཕྲན་གྱི་ལྷོ་རྒྱུད་ནས་རིག་དངོས་ཁ་ཤས་རྙེད་པ་དེ་རེད། ཡང་ཞིབ་འཇུག་པ་མེ་ཟུན་སོགས་ཀྱི་གསར་རྙེད་ལས་མེ་གླིང་སྐམ་ས་རྙེད་པའི་དུས་ཚོད་ནི་སྤྱི་ལོ ༦༠༠ གཏན་ཁེལ་བྱས་འདུག

མེ་ཟུན་ཞིབ་འཇུག་ཚོ་ཆུང་གིས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཁང་རྙིང་ཞིག་ལས་རིག་དངོས་བཅུ་ལྷག་རྙེད། དེའི་ཁྲོད་ནས་མིག་དབང་འདྲེན་བྱེད་གཙོ་བོ་ནི་སྦྲེལ་བྱེད་ལྟེབ་ཟྭ་ཞིག་དང་པི་པི་རུ་སྤྱད་པའི་དངོས་བོ་ཞིག་རེད། སྦྲེལ་བྱེད་ལྟེབ་ཟྭའི་སྟེང་དུ་ད་རུང་ལོ་ངོ ༡༤༠༠ ལྷག་གི་ལོ་རྒྱུས་ལྡན་པའི་གོ་བའི་ཆབ་མ་དུམ་བུ་ཞིག་ལྷག་ཡོད། གནའ་རྫས་བརྟག་དཔྱད་པས་དངོས་བོ་འདི་གཉིས་ལ་ཡ་གླིང་གི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། སྦེལ་བྱེད་ལྟེབ་ཟྭ་དེ་ནི་རྒྱུ་ཆ་ལི་ལས་བཟོས་ཡོད། ཡིན་ཡང་སྐབས་དེར་ཨ་ལ་སི་ཅ་ས་ཁུལ་དུ་ལི་བཙོ་སྦྱངས་བྱེད་ཤེས་མཁན་མེད་པ་རེད།

དེར་བརྟེན་ཞིབ་འཇུག་པས་འདི་ནི་ཨ་ལ་སི་ཅའི་ཡུལ་མི་དང་མཚོ་ཐོག་བརྒྱུད་ནས་ཡོང་བའི་ཡ་གླིང་གི་མིའི་བར་ཉོ་ཚོང་བརྒྱབ་པ་ལས་བྱུང་བ་ཡིན་པར་འདོད། མེ་ཟུན་གྱིས"ང་ཚོས་བལྟས་ན་འདི་གའི་སྡེ་བ་དང་ཀྲུང་གོ། ཁོ་རེ་ཡ་ཡང་ན(ཨུ་རུ་སི)ཡ་ཁུ་ཐུ་ཡི’ཤེས་རིག་ཆེན་པོ’དང་ཐད་ཀར་རམ་བར་བརྒྱུད་ཀྱི་འབྲེལ་འདྲིས་བྱུང་ཡོད།"ལོ་རྒྱུས་དོན་དངོས་ཀྱིས་ཀྱང་འདི་འདྲིའི་བཞེད་ཚུལ་ལ་རྒྱབ་སྐྱོར་བྱེད། རྒྱུ་མཚན་ལི་ནི་གོང་དུ་བརྗོད་པའི་ས་ཁུལ་སོ་སོར་དར་ཡོད་པ་རེད།

དེ་དང་མཉམ་དུ་ཁང་བ་དེ་ལས་ཞིབ་འཇུག་པས་རྡོ་རྗེ་ཕ་ལམ་གྱིས་བཟོས་བའི་ཅ་དངོས་མང་པོ་རྙེད། རྒྱུ་ཆ་འདིའི་རིགས་ཀྱི་རྫས་འགྱུར་ཁྱད་ཆོས་ནི་ཨུ་རུ་སིའི་ཨ་ན་དྷིར་ཆུ་བོའི་རྒྱུན་དུ་རིགས་འདེད་ཐུབ།

ཞིབ་འཇུག་འབྲས་བུ་འདི་དག་ནི་དུས་རབས་གཅིག་གི་རིང་ཨ་ལ་སི་ཅ་ས་ཁུལ་གྱི་གནའ་རྫས་བརྟག་དཔྱད་འབྲས་བུ་རེད། དེས་ཡ་གླིང་བ་ནི་པེ་ལིན་མཚོ་འགག་བརྒྱུད་ནས་ཨ་ལ་སི་ཅར་འབྱོར་བ་དང་། དུས་ཚོད་ནི་ཁུ་ལོན་པིའི་མཚོ་འགྲུལ་རི་ཁག་ལས་སྔ་བ་ར་སྤྲོད་བྱས་ཡོད།

གནའ་རྫས་བརྟག་དཔྱད་འདི་དག ༡༩༡༣ ལོ་ནས་འགོ་བརྩམས། དེ་དུས་གནའ་རྫས་བརྟག་དཔྱད་མཁས་པ་བྷོ་ཐི་ཧོར་དྷི་ལོ་ཧྥུ་ཡིས། ཀྲུང་གོ་བས་བ་སོ་དང་མཚོ་གླང་ཐོན་རྫས་འཚོལ་ཕྱིར་སྔོན་ཆད་ཨ་ལ་སི་ཅ་བརྒྱུད་མྱོང་བར་བཤད། དེ་བས་ཆེད་མཁས་པ་མི་ཉུང་བ་ཞིག་གིས་ཨ་ལ་སི་ཅའི་དམག་མིའི་ཁྲབ་རྨོག་གོ་ཆ་ནི་སྐབས་དེའི་ཀྲུང་གོ་དང་ཁོ་རེ་ཡ། ཉི་ཧོང་དང་སོག་པོའི་ཤར་རྒྱུད་ས་ཁུལ་དུ་རྒྱུན་དུ་མཐོང་བའི་ཁྲབ་རྨོག་དང་འབྲེལ་བ་ཡོད་པར་འདོད།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག