ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“ཀེམ་ཅོང་ཨིན་མོ་སི་ཁོའི་དམག་གཟིགས་མཛད་སྒོར་མ་ཞུགས་པའི་རྒྱུ་རྐྱེན་དངོས།”

2015-05-06

རྒྱལ་ཁམས་དུས་ཚགས་ཀྱིས་བཀོད་པ་ལྟར་ན། “བྱང་ཁོ་རེ་ཡའི་ཆེས་མཐོའི་མི་དམངས་གྲོས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ཀེམ་ཅོང་ཨིན་ཨུ་རུ་སུར་འཚམས་འདྲིར་ཕེབས་པ་དང་སྡེབ་མོ་སི་ཁོའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ལོན་ནས་ལོ༧༠་འཁོར་པའི་རྟེན་འབྲེལ་མཛད་སྒོར་” ཞུགས་རྒྱུ་ཡིན་པའི་གནས་ཚུལ་གསར་ལམ་དུ་ཐོན་འདུག

འདི་ནི་བྱང་ཁོ་རེ་ཡའི་ཕྱོགས་ནས་རེབ་འདིའི་མོ་སི་ཁོའི་དམག་གཟིགས་མཛད་སྒོར་ཞུགས་མཁན་འགོ་ཁྲིད་ཀྱི་མིང་ཐོག་མར་ཕྱིར་བསྒྲགས་པ་རེད། དེ་ཡང་གནས་ཚུལ་ཐག་ཆོད་ལྟར་ན་བྱང་ཁོ་རེ་ཡའི་དབུ་བཞུགས་འགོ་ཁྲིད་ཀེམ་ཅོང་ཨིན་ཨུ་རུ་སུའི་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་མིན་པ་དང་། ཨུ་རུ་སུའི་ཕྱོགས་ནས། རྒྱལ་ཁབ༣༠ལ་ཉེ་བའི་འགོ་ཁྲིད་དག་རེབ་འདིའི་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་ཡིན་སྐོར་བརྗོད་འདུག

བྱང་ཁོ་རེ་ཡའི《ངལ་རྩོལ་གསར་ཤོག》གིས་ཚེས༤ཉིན་གྱི་གསར་ལམ་དུ། ཀེམ་ཡོང་ཨིན་མོ་སི་ཁོའིའཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ལོན་ཉིན་གྱི་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་ཡིན་ཚུལ་བཀོད་འདུག མ་ཟད་གསར་ཤོག་དེར་ཨུ་རུ་སུས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་ཐད་འབད་འབུངས་བྱས་ཚུལ་དང་ཨུ་རུ་སུའི་རྒྱལ་ནང་དུ“ལྔ་གཅིག”རྒྱལ་སྤྱིའི་དུས་ཆེན་ལ་རོལ་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཡང་བཀོད་པ་བརྒྱུད། ཀེམ་ཡོང་ཨན་ཨུ་རུ་སུར་འཚམས་འདྲིར་ཕེབས་པར་གྲ་སྒྲིག་བྱེད་ཀྱི་འདུག

དེའི་སྔོན་ཙམ་དུ། ཨུ་རུ་སུའི་གཞུང་ཕྱོགས་ནས་ཀེམ་ཅོང་ཨན་མོ་སི་ཁོའི་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་ཡིན་ཚུལ་ཡང་དང་བསྐྱར་དུ་བརྗོད་པ་རེད། ཀེམ་ཅོང་ཨན་དམག་གཟིགས་མཛད་སྒོར་མ་ཞུགས་པའི་ངོས་ཐད་དུ་ལྷོ་ཁོ་རེ་ཡའི་གསར་ལམ་དུ་ཚོད་དཔག་ཅི་རིགས་བྱས་འདུག ཚེས་༤ཉིན་ལྷོ་ཁོ་རེ་ཡའི《ཀྲུང་དབྱང་ཉིན་ཚགས》སུ་ཀེམ་ཅོང་ཨན་མོ་སི་ཁོའི་དམག་གཟིགས་ཆེན་མོར་མ་ཞུགས་པ་ནི་ཨུ་རུ་སུས་བྱང་ཁོ་རེ་ཡར་མཁའ་ཟོན་འཕུར་མདེལ་ཕྱིར་ཚོང་མ་གནང་པ་རགས་ལས་ཡོད་སྐོར་བཀོད་འདུག ཨུ་རུ་སུའི་དམག་དོན་ཆེད་མཁས་ཤིག་གིས། བྱང་ཁོ་རེ་ཡའི་མི་དམངས་དམག་ཤུགས་བློན་ཆེན་ཤོན་ཡོང་ཀྲེ་ཟླ་སྔོན་མའི་ཚེས༡༤ཉིན་མོ་སི་ཁོར་བསྡུས་པའི་རྒྱལ་སྤྱིའི་བདེ་སྲུང་ཚོགས་འདུར་ཞུགས་སྐབས། ཨུ་རུ་སུའི་ཕྱོགས་ནས་ S-300རྟགས་ཅན་གྱི་མཁའ་ཟོན་འཕུར་མདེལ་བཞི་ཉོ་བའི་གྲོས་འགོ་འདོན་འཆར་ཡོད་པ་དང་། མ་ཟད་བྱང་ཁོ་རེ་ཡའི་དངོས་ཟོག་བརྗེ་རེས་ཀྱི་ལམ་ནས S-300རྟགས་ཅན་གྱི་འཕུར་མདེལ་དེ་དག་ཉོ་འདོད་ཡོད་ནའང་། ཨུ་རུ་སུའི་ཕྱོགས་ནས་བྱང་ཁོ་རེ་ཡའི་རེ་འདོད་ལ་མོས་མཐུན་མ་བྱུང་པར་དངུལ་སྒོར་སྤྲོད་དགོས་ཚུལ་ལབ་པས། བྱང་ཁོ་རེ་ཡས་ངོ་རྒོལ་གྱི་ཚུལ་དུ་ཀེམ་ཅོང་ཨན་གྱི་ཐེངས་འདིའི་ཨུ་རུ་སུའི་འགྲུལ་བཞུད་མེད་པར་བཏང་པ་རེད་ཅེས་བརྗོད་བྱུང་།

ལྷོ་ཁོ་རེ་ཡའི་གསར་ལམ་གྱི་གླེང་ཚུལ་ལ་གང་གིས་ཀྱང་ར་སྤྲོད་བྱས་མི་འདུག ཚེས༤ཉིན་ཨུ་རུ་སུའི་ཐ་ཤན་གསར་འགྱུར་ཁང་གིས་ཨུ་རུ་སུའི་ཚན་རིག་ཁང་གི་ཤར་ཕྱོགས་རིག་པ་ཞིབ་འཇུག་ཁང་གི་མཁས་པ་ཝོར་ལུང་ཛོར་ཧྥུས་བརྗོད་ཚུལ་དྲངས་དོན། ཀེམ་ཅོང་ཨན་དམག་གཟིགས་མཛད་སྒོར་མ་ཞུགས་པ་དེས་ཨུ་རུ་སུ་དང་བྱང་ཁོ་རེ་ཡ་ཕྱོགས་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད་པ་དང་། ཀེམ་ཅོང་ཨན་མོ་སི་ཁོར་ཕེབས་མ་ཐུབ་པར་ཕྱི་རོལ་གྱི་རྒྱུ་རྐྱེན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག ཀེམ་ཅོང་ཨན་ལ་བྱང་ཁོ་རེ་ཡར་གཞན་གྱིས་ཚབ་བྱེད་མི་རུང་པའི་གོ་གནས་ཡོད་པའི་ཆ་ནས། བྱང་ཁོ་རེ་ཡའི་ནང་ཁུལ་དུ་དོན་དག་གལ་ཆེན་ཡོད་པའམ་ཆེས་མཐོའི་དབང་ཆ་སྟོང་ཆར་ལུས་པར་དོགས་པ་དེའང་ཁོ་རང་རེབ་འདིར་མོ་སི་ཁོར་ཕེབས་མ་ཐུབ་པའི་རྒྱུ་རྐྱེན་ཞིག་ཡིན་ཡང་སྲིད་ཅེས་ལྷོ་ཁོ་རེའི་བརྙན་འཕྲིན་ཁང་གིས་ཚེས་༤ཉིན་འབྲེལ་ཡོད་ཆེད་མཁས་ཀྱིས་སྔོན་དཔག་བྱས་པའི་གནས་ཚུལ་དྲངས་འདུག

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས༤ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་འཛིན་ཕུ་ཅིན་གྱི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཟླ༥པའི་ཚེས༨ནས་ཚེས༡༠ཉིན་བར་ཨུ་རུ་སུའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ལོན་ནས་ལོ༧༠འཁོར་པའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་མ་ཟད་ཨུ་རུ་སུར་འཚམ་འདྲི་གནང་རྒྱུ་རེད་ཅེས་བསྒྲགས་འདུག གཞན་ཝེ་ཐེ་ནམ་གྱི་ཕྱི་འབྲེལ་པུའུ་ཡིས་ཀྱང་ཚེས༤ཉིན། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་དམག་གཟིགས་ཆེན་མོར་ཞུགས་རྒྱུ་ཡིན་པ་བསྒྲགས་འདུག

ཨུ་རུ་སུའི《ལྟ་བ་ཚགས་ཤོག》གིས་ཚེས༤ཉིན་སྤེལ་བའི་འཕྲིན་དུ། ཚེས༣ཉིན། པོ་ལན་གྱི་སྲིད་འཛིན་མོ་རོ་ཧྥུའུ་སུ་ཅིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་རྟེན་འབྲེལ་གསུང་བཤད་སྤེལ་དུས། “ཟླ༥པའི་ཚེས༩ཉིན་མོ་སི་ཁོའི་ཐང་ཆེན་དམར་པོ་དེ་སླར་ཡང་ཁྲབ་ལྡན་འཁོར་ལོ་དང་སྒྱོགས་མདེལ་གྱི་བཀང་རྒྱུ་རེད་ལ། མ་ཟད་ཁྲབ་ལྡན་དཔུང་དམག་འདི་དག་ཉེ་སྔོན་ཁྱིམ་མཚེས་རྒྱལ་ཁབ་ཡུག་རེན་ལ་དཔུང་རྒོལ་བྱེད་དུས་འཛམ་གླིང་མི་དམངས་དང་པོ་ལན་མི་དམངས་ཀྱི་མཐོང་ལམ་དུ་སྣང་ཡོད་པ་རེད། དྲག་ཆས་དམག་ཤུགས་འདི་དག་ནི་ལོ་རྒྱུས་ལ་དྲན་གསོ་བྱ་ཆེད་འགྲེམས་སྟོན་བྱེད་པ་མིན་པར་ད་ཆ་དང་ཕྱིས་འབྱུང་གི་ཕྱིར་དུ་རེད་ཅེས་”བརྗོད་འདུག

པོ་ལན་སྲིད་བློན་གྱི་གོང་གསལ་གླེང་བརྗོད་ཐད། ཨུ་རུ་སུ་རྒྱལ་ཁབ་ཀྱི་ཏུའུ་མ་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་ཟུར་པ་ཁེ་རེན་ཚེ་ཝུ་ཆིས། “གལ་ཏེ་པོ་ལན་སྲིད་བློན་གྱིས་རང་འདོད་དུ་དམག་གཟིགས་ཆེན་མོར་འགྲེལ་བརྗོད་ཀྱིས་ང་ཚོའི་དུས་སྟོན་ལ་གཏོར་བརླགས་བྱས་པ་ཡིན་ན། དེ་ནི་འདོད་ཧམ་དང་སྟོང་བསམ་ལས་མ་འདས་ཏེ། ང་ཚོ་ནི་གླེང་བརྗོད་དེ་རིགས་ལ་གོམས་ལོབས་སུ་གྱུར་ཡོད”ཅེས་དང་། ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མ་རྒྱལ་སྤྱིའི་ལས་དོན་ཁང་གི་ཀྲུའུ་ཞི་ཟུར་པ་ཁ་ར་ཧྲིང་ཉེ་ཁུ་ཧྥུ་ཡིས། གལ་སྲིད་པོ་ལན་སྲིད་འཛིན་གྱིས་ལབ་པའི་སྒྱོགས་མདེལ་དེ་མེད་པ་ཡིན་ན། དེ་རིང་གི་པོ་ལན་ཉིད་འཛམ་གླིང་ས་སྒང་འདི་རུ་ཡོད་མི་སྲིད་ཅེས་ཨུ་རུ་སུའི་ཕྱོགས་ནས་དུས་ཐོག་ཏུ་དགག་ལན་སྤྲད་འདུག

འབྲེལ་ཡོད་རྩོམ་ཡིག