ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བལ་བོའི་ཚད་རིམ ༧.༥ ཡི་ས་ཡོམ་གྱིས་མི་གྲངས་སྟོང་ལས་བརྒལ་བར་ཤི་རྨས་ཐེབས་འདུག

2015-05-13

ཟླ ༥ པའི་ཚེས ༡༣ ཉིན་ཀྲུང་གོའི་གསར་འགྱུར་དྲ་བའི་འཕྲིན་དུ། དེ་སྔོན་གྱི་བལ་བོའི་ཚད་རིམ ༨.༡ གི་ས་ཡོམ་བྱུང་ནས་གཟའ་འཁོར་གཉིས་འདས་མ་ཐག་པའི་ཚེས ༡༢ ཉིན་རྒྱལ་ཁབ་དེ་གར་ཡང་བསྐྱར་ཡོམ་ཁོངས་རྒྱལ་ཁབ་ཁ་ཤས་ལ་ཁྱབ་པའི་ཚད་རིམ ༧.༥ ཡི་ས་ཡོམ་བྱུང་བས། ད་སྔའི་བར་མི་གྲངས་སྟོང་ལས་བརྒལ་བར་ཤི་རྨས་ཐེབས་འདུག་པ་དང་ཇོ་མོ་གླང་མའི་གངས་ཉིལ་བ ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་ལུང་ཁ་ཤས་སུ་ཡོམ་ཤུགས་གསལ་པོ་ཚོར་ཡོད་འདུག ས་ཡོམ་བྱུང་རྗེས། མཐའ་སྲུང་དམག་སྡེས་དུས་ཐོག་ཏུ་མྱུར་སྐྱོབ་ཀྱི་ལས་སྒོ་སྤེལ་ཡོད་པ་དང་། ཆེད་མཁས་ཀྱིས། ༢༠༠༩ ལོ་ནས་ཕྱིས་འབྱུང་ལོ་ངོ་ལྔའི་རིང་ངམ་དེ་ལས་དུས་ཡུན་རིང་པོའི་ནང་། གོ་ལ་ཧྲིལ་པོ་ས་ཡོམ་རྒོད་པའི་དུས་ལ་སླེབས་ཡོད་ཅེས་བརྗོད་འདུག

ས་གནས་དེ་གའི ༢༠༡༥ ལོའི་ཟླ ༥ པའི་ཚེས ༡༢ ཉིན། རྒྱ་གར་གྱི་ཨ་ར་ཧ་པ་རྡུ་དང་། བལ་བོར་ཡང་བསྐྱར་ས་ཡོམ་བྱུང་ཡོད་པ་དང་། རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ལུང་གི་མང་ཚོགས་ཀྱིས་ཡོམ་ཤུགས་གསལ་བོར་ཚོར་ནས་མི་མང་སྡོད་ཁང་ཕྱི་རུ་བྲོས་ཏེ་ས་ཡོམ་ལ་གཞའ་ཡོད་འདུག

ཕྱི་ཕྱོགས་གསར་ལམ་གྱིས་བསྒྲགས་པ་ལྟར་ན། བལ་བོའི་ནང་སྲིད་སྡེ་ཚན་གྱིས་ས་གནས་དེ་གའི་ཟླ ༥ པའི་ཚེས ༡༢ ཉིན་བར། ཐེངས་འདིའི་ས་ཡོམ་གྱིས་མ་མཐའ་ཡང་མི ༤༠ རྐྱེན་ལམ་དུ་ཤོར་པ་དང་། མི་ ༡༡༠༠ ལ་རྨས་སྐྱོན་ཐེབས་པ། ས་ཡོམ་དྲག་པོས་ཡུལ་ལུང་ཁ་ཤས་ཀྱི་བརྡ་འཕྲིན་ལ་ཆད་གཏོར་བྱུང་པ་མ་ཟད། ཡུལ་ལུང་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་ལོན་མེད་ཕྱིར། ཚོད་དཔག་ལྟར་ན་ཤི་རྨས་ཐེབས་པའི་མི་གྲངས་རིམ་བཞིན་ཇེ་མང་དུ་འཕར་སྲིད་ཅེས་བརྗོད་འདུག

བལ་བོའི་འཛུགས་བསྐྲུན་ཁ་ཤས་ལ་རྡིབ་སྐྱོན་བྱུང་ཡོད་ཅིང་། རྡིབ་རོའི་ཁྲོད་དུ་འདས་པོའི་བེམ་པོ་རྙེད་ཡོད་པ་དང་། བལ་བོའི་རྒྱལ་ས་ཀ་ཏུ་མན་རྡུའི་གནམ་ཐང་ཡང་སྒོ་གཏན་ནས་མིག་སྔར་བསྐྱར་དུ་སྒོ་འབྱེད་འདུག སྐབས་དེའི་གནས་ཚུལ་མཐོང་མཁན་ཞིག་གིས། ས་ཡོམ་རྒྱག་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་དུས། “དུས་ཚོད་སྐར་ཆ ༤༥ ཡི་རིང་ས་ངོས་འགུལ་བྱུང”ཟེར། བལ་བོའི་གཞུང་ཕྱོགས་ནས་སྐབས་ཡུན་རིང་ཉེན་བརྡ་བརྒྱབ་ནས་མི་མང་ཐང་ཆེན་དུ་བྲོས་ནས་མྱུར་སྐྱོབ་རླངས་འཁོར་ཤར་གཏོང་ལ་བཀག་རྒྱ་མི་བཟོ་བའི་རེ་སྐུལ་བྱས་འདུག

རྒྱ་གར་ནུབ་ཕྱོགས་སུ་ཡོམ་ཤུགས་གསལ་པོ་ཡིན་ཏེ། རྡི་ལའི་ལྕགས་ལམ་ཡང་སྐར་མ ༡ ༥རིང་གཏོང་མཚམས་བཞག་འདུག རྒྱ་གར་གྱི་གསར་ལམ་ཁག་གིས། “ས་གནས་དེ་གའི་འཛུགས་བསྐྲུན་དུས་ཡུན་སྐར་མ་གཅིག་རིང་འགུལ་ནས” ས་ཡོམ་གྱིས་རྒྱ་གར་གྱི་མི་བཅུ་ལྷག་རྐྱེན་ལམ་དུ་ཤོར་པ་དང་་། མི་བཅུ་གྲངས་ལྷག་ལ་རྨས་ཕོག་འདུག་ཅེས་བཀོད་འདུག

གཞན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བཀོད་པ་ལྟར་ན། ས་ཡོམ་དྲག་པོས་རི་བོ་ཇོ་མོ་གླང་མའི་ལྷོ་ངོས་ཀྱི་གངས་ཉིལ་ཡོད་པ་དང་། མི ༤༨ དེ་གར་བཀག་འདུག་མོད། དེ་དག་ནི་གངས་ཉིལ་ལས་བཀག་པ་ཡིན་མིན་གསལ་བོ་མི་ཤེས།

ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་ལུང་ཁ་ཤས་སུ་ཡོམ་ཤུགས་གསལ་པོ་ཚོར་ཐུབ་ལ། མཐའ་སྲུང་དམག་སྡེས་དུས་ཐོག་མྱུར་སྐྱོབ་ཀྱི་ལས་སྒོ་སྤེལ་ཡོད་པ་རེད།

བོད་གཞིས་རྩེའི་སྐྱིད་རོང་ས་ཆར་ཡོམ་ཤུགས་གསལ་པོ་ཡིན་པ་དང་། སྐྱིད་རོང་ས་ཁུལ་དུ་ཉེན་ཁང་མང་པའི་དབང་གིས། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་དཔུང་སྐྱིད་རོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དམག་མི ༢༠ རྩ་འཛུགས་བྱས་ནས་དུས་ཐོག་ཏུ་གནོད་སྐྱོབ་ལས་ཀར་ཞུགས་ཡོད་པ་རེད།

བལ་བོའི་ས་ཡོམ་གྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས། བོད་ཀྱི་མཐའ་འཁོབ་ཡུལ་ལུང་གི་རི་ངོས་མར་ཉིལ་བ་དང་། གཞུང་ལམ་ཁག་ཅིག་མཚམས་ཆད་པ། ཚེས ༡༢ ཉིན་གྱི་དགོང་མོའི་བར་མི་གཅིག་རྐྱེན་ལམ་དུ་ཤོར་ཡོད་པ་དང་མི་གཉིས་ལ་རྨས་ཕོག་པ། སྐྱིད་རོང་གྲོང་བརྡལ་དང་འགྲམ་གྲོང་བརྡལ་དུ་ཡོམ་ཤུགས་གསལ་པོ་ཡིན་ལ། ལྷ་ས་གྲོང་ཁྱེར་དུའང་ཡོམ་ཤུགས་ཆུང་ངུ་ཚོར་ཐུབ།

ས་ཡོམ་གྱི་རྗེས་སུ། སྐྱིད་རོང་ས་ཁུལ་དུ་ཉེན་ཁང་མང་པའི་གནས་ཚུལ་དངོས་ལ་གཞིགས་ནས། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་དཔུང་སྐྱིད་རོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དམག་མི ༢༠ རྩ་འཛུགས་བྱས་ནས་དུས་ཐོག་ཏུ་གནོད་སྐྱོབ་ལས་ཀར་ཞུགས་ཏེ། སྡོད་ཁང་རྡིབ་པ་སོགས་ཀྱི་གནས་ཚུལ་ལ་རྩད་ཞིབ་བྱས་ཡོད་པ་རེད།

“ཐེངས་འདིའི་ས་ཡོམ་ནི་ཟླ ༤ པའི་ཚེས ༢༥ ཉིན་གྱི་ཚད་རིམ ༨.༡ གི་ས་ཡོམ་གྱི་ཡོམ་རྒྱུན་དུ་ངོས་འཛིན་བྱས་ཆོག་སྟེ། ས་ཡོམ་གྱི་ལྟེ་བ་ནི་ཀྲུང་བལ་ས་མཚམས་དང་ཐག་ཅུང་ཉེ་པས་བོད་དུ་གནོད་སྐྱོན་ཅུང་ཚབས་ཆེན་ཐེབས་ཡོད་ཀྱང་སྲིད། ”ཅེས་ཀྲུང་གོའི་ས་ཡོམ་དྲ་བའི་ཞིབ་འཇུག་པ་སོན་ཧྲི་ཧུང་གིས་དབྱེ་ཞིབ་གནང་བྱུང་། “ཀྲུང་བལ་ས་མཚམས་སུ་རི་ངོས་མར་ཉིལ་པ་སོགས་ཀྱི་རང་བྱུང་གོད་ཆགས་ཐེབས་སྲིད་པ་དེས་གཞུང་ལམ་ཤར་གཏོང་སོགས་ས་ཡོམ་རྗེས་ཀྱི་གནོད་སྐྱོབ་ལས་སྒོར་དཀའ་ལས་གང་མང་བཟོ་སྲིད”ཟེར།

གཞན་ཡང་། བལ་བོའི་ཚད་རིམ༨.༡གི་ས་ཡོམ་བརྒྱབ་ནས་ཟླ་ཕྱེད་ཀྱི་དུས་ཚོད་འདས་ཚར་པས། ས་ཡོམ་གྱི་ཡོམ་ཤུགས་ཁྱབ་པའི་བོད་ཀྱི་གཞིས་རྩེའི་ཡུལ་ལུང་མང་པོའི་སློབ་གྲྭ་དག་ཏུ་སློབ་ཁྲིད་བསྐྱར་དུ་འགོ་ཚུགས་ཡོད་པ་དང་། མང་ཚོགས་ཀྱི་འཚོ་སྡོད་ཐད་ཀྱང་བཀོད་སྒྲིག་གང་ལེགས་གནང་ནས་འཚོ་བ་རྒྱུན་ལྡན་ཅན་དུ་ཕྱིན་ཡོད་པ་རེད།

བལ་བོ་ནི་ས་ཡོམ་གྱི་རྒྱུད་གྲགས་ཆེན་དུ་ཡོད་ཅིང་། གོ་ལ་ཧྲིལ་པོ་ས་ཡོམ་རྒོད་པའི་དུས་སུ་སླེབས་སམ་ཅི།

ཀྲུང་གོའི་ས་ཡོམ་དྲ་བའི་ས་ཡོམ་སྔོན་བསྒྲགས་ཚན་པའི་ཀྲུའུ་རེན་ཅང་ཧེ་ཁོན་གྱིས། “གོ་ལ་ཧྲིལ་པོའི་ས་ཡོམ་འགུལ་སྐྱོད་ནི་༢༠༠༤ལོའི་སུའུ་མིན་ཏའི་ཚད་རིམ༩.༠གི་ས་ཡོམ་གཞིར་བྱས་ཚད་རིམ༨ཀྱི་ས་ཡོམ་རྒོད་པའི་དུས་སུ་སླེབས་པ་དང་། དེ་ནི་དུས་རབས༢༠པའི་སྟོད་ཙམ་དུ་འཛམ་གླིང་ཡོངས་ཚད་རིམ༨ཀྱི་ས་ཡོམ་རྒོད་པའི་གནས་སུ་ལྷུང་པ་དང་གཅིག་འདྲ་རེད”ཟེར།

“ཕྱིས་འབྱུང་ལོ་ངོ་ལྔའམ་དེ་ལས་རིང་པའི་དུས་ཡུན་དུ། གོ་ལ་ཧྲིལ་པོ་སྔར་བཞིན་ས་ཡོམ་རྒོད་པའི་དུས་སྐབས་སུ་ཚུད་རྒྱུ་རེད”ཅེས་ཀྲུང་གོའི་ས་ཡོམ་ཅུས་ས་གཤིས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ཏིང་ཆི་ཏུང་གིས་དེ་སྔོན༢༠༡༣ལོར་དེ་ལྟར་ཞིབ་འཇུག་ཚོད་དཔག་བྱས་མྱོང་། ཁོས་སྒྲུབ་བྱེད་ཀྱང་འཛམ་གླིང་ཡོངས་ཀྱི་ས་ཡོམ་འགུལ་སྐྱོད་ནི་དུས་རིམ་ཅན་ཚོམ་འདུས་ཅན་མིན་པ་དེ་རེད།

དེ་ལྟར་ནའང་། ས་ཡོམ་དྲག་པོ་རྒྱག་ཐེངས་རེར་མི་གྲངས་མང་པོ་རྐྱེན་ཤོར་གྱི་གོད་ཆག་ཐེབས་པ་མིན་པར། དེ་ནི་ཡོམ་ཁོངས་དང་། ས་ཡོམ་སྐབས་མི་རྣམས་སྡོད་ཡུལ་དང་སྡོད་ཁང་གི་ཡོམ་འགོག་ནུས་པར་འབྲེལ་བ་ཡོད་པ་དང་། གཞན་ཡང་། ས་ཡོམ་འགུལ་སྐྱོད་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས། ས་ཡོམ་གྱི་གནོད་འཚེ་ཡང་ཡུལ་བྱེ་བྲག་པར་ཐེབས་པ་ཞིག་ཡིན་པས་དེ་འདྲའི་འཇིགས་སྣང་སྐྱེས་དོན་མེད་དོ།

འབྲེལ་ཡོད་རྩོམ་ཡིག