ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་དུ་ཆུ་ཚོད ༢༤ རིང་གི་རང་འདེམས་དཔེ་མཛོད་ཁང་ཐོག་མ་དེ་གཉེར་འགོ་ཚུགས་པ།

2015-06-05
          ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ ༦ ཚེས ༡ ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ།  གསར་འགོད་པས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱས་པར།  བོད་རང་སྐྱོང་ལྗོངས་ཀྱི་ཆུ་ཚོད ༢༤ རིང་གི་རང་འདེམས་དཔེ་མཛོད་ཁང་ཐོག་མ་དེ་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་སུ་དངོས་སུ་སྤྱོད་འགོ་ཚུགས་ནས་ཉིང་ཁྲིའི་གྲོང་མིས་དཔེ་དེབ་གཡར་ནས་ལྟ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།  གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡོད་ཕྱིན་གཱ་གཉེར་ཆོག་པ་དང་དྲན་སྐུལ་ལྟར་རང་ཉིད་ལ་དགོས་པའི་དཔེ་དེབ་འདེམས་ཚེ་དུས་ཐུང་སྐར་ཆ་ཁ་ཤས་སོང་རྗེས་རང་འདེམས་དཔེ་མཛོད་ཁང་ནས་དཔེ་དེབ་ཀློག་པ་པོར་སྤྲོད་ཀྱི་ཡོད།  ཉིང་ཁྲི་གྲོང་ཁྱེར་དཔེ་མཛོད་ཁང་གི་འགན་འཁུར་བས་རང་འདེམས་དཔེ་མཛོད་ཁང་དེར་མ་དངུལ་སྒོར་ཁྲི ༦༧ བཏང་བ་དང་ཐེངས་གཅིག་རང་བཞིན་ངང་དཔེ་དེབ ༥༠༠ཉར་ཆོག་པ་དང་འབྲེལ་དཔེ་དེབ་གཡར་མཁན་གྱིས་གཡར་བའི་དཔེ་དེབ་རིགས་དང་གྲངས་འབོར་ལ་གཞིགས་ཏེ་ལེགས་སྒྲིག་བྱེད་ཀྱི་ཡོད།  གྲོང་མི་ཡོངས་ཀྱིས་གོ་ཆོད་པའི་ལག་ཁྱེར་འཁྱེར་ཏེ་ཁག་ཐེག་དངུལ་ངེས་ཅན་ཞིག་འཇལ་ཚེ་རང་འདེམས་དཔེ་མཛོད་ཁང་ནས་རིན་མི་དགོས་པར་དཔེ་དེབ་གཡར་བ་དང་དེབ་ཕྱིར་སྤྲོད་པ་སོགས་ཀྱི་ལས་སྒོ་གཉེར་ཆོག་གི་ཡོད་ཅེས་བཤད་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  རང་འདེམས་དཔེ་མཛོད་ཁང་གི་དཔེ་དེབ་དག་དུས་གཏན་འཁེལ་གྱིས་གསར་བརྗེ་བྱེད་པ་དང་འབྲེལ་ཀློག་པ་པོའི་བསམ་འཆར་འགོད་དེབ་བཞག་ཡོད་པས་ཀློག་པ་པོའི་དགོས་མཁོ་མི་འདྲ་བར་གཞིགས་ཏེ“མི་སྒེར་གཞིར་བཟུང་བཟོ་བའི”ཞབས་ཞུ་བྱེད་ཀྱི་ཡོད།  ཆུ་ཚོད ༢༤ རིང་གི་རང་འདེམས་དཔེ་མཛོད་ཁང་གིས་ལོ་ཧྲིལ་པོར་གནམ་གཤིས་ལ་མ་བལྟོས་པར་རང་འདེམས་དཔེ་དེབ་གཡར་བའི་ལས་སྒོ་སྤེལ་རྩིས་ཡོད་པ་རེད།
          ཉེ་བའི་ལོ་ཤས་རིང་།  བོད་ལྗོངས་རིག་གནས་སྡེ་ཚན་གྱིས་དཔེ་མཛོད་ཁང་འཛུགས་སྐྲུན་བྱ་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་གྲོང་མི་ཚོར་སྤུས་ལེགས་ཀྱི་རིག་གནས་ཞབས་ཞུ་ཧུར་ཐག་བྱེད་པ་དང་དཔེ་མཛོད་ཁང་ཆེ་གྲས་ཁག་གིས་དཔེ་དེབ་ཟམ་མི་ཆད་པར་གསར་བརྗེ་བྱས་པ་ཕུད་ད་དུང་རྟག་ཏུ་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ་འཆད་ཁྲིད་བྱེད་སྒོ་སྤེལ་ནས་ཀློག་པ་པོར་ཞབས་འདེགས་ཞུ་གི་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག