ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཆེད་རམས་པས་འཐབ་ཕྱོཊ་གཅིག་གྱུར་ཚོཊ་འདུ་ལས་ཆོས་ལུགས་ལས་དོན་ཇི་འདྲ་བྱེད་དགོས་པའི་སྐོར་གླེང་།

2015-06-07 ཚེ་རིང་།
6པའི་ཚེས 3ཉིན།  ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འགན་ཁུར་བ་ལིའུ་ཕིང་སོགས་མི 20 ལྷག་ཀྲུང་གོའི་བོད་ལྗོངས་དྲ་བར་རྟོག་ཞིབ་ཏུ་ཕེབས། གཡོན་གྱི་གཉིས་པ་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཧྥིང་མེང་རེད།
   ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཧྥིང་མེང་གིས་ངེད་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བརྗོད་དོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆོས་ལུགས་ལས་དོན་ལ་གཙིགས་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ་བླང་བྱ་གསར་པའང་བཏོན་པས། ངེད་ཅག་གིས་མུ་མཐུད་ནས་སློབ་སྦྱོང་གཏིང་ཟབ་བྱས་ནས་སྙིང་དོན་ཤེས་པ་བྱས་ཏེ་ལག་ལེན་དངོས་ཀྱི་ཁྲོད་དོན་འཁྱོལ་ཡག་པོ་བྱ་དགོས་ཞེས་བསྟན།
   སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་སྟེང་མཛུབ་སྟོན་གནང་དོན། ཆོས་ལུགས་ལས་དོན་ངོ་བོའི་ཐོག་ནས་མང་ཚོགས་ཀྱི་ལས་དོན་ཡིན་པས། ང་ཚོས་ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་ལེན་མཐའ་འཁྱོལ་བྱེད་དགོས་ལ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་དགོས་པ་དང་། རང་ཚུགས་རང་བདག་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་དགོས་ཞེས་བརྗོད། ཡང་ཁོང་གིས་ཆོས་ལུགས་གང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པོ་ཡོང་དགོས་ན། ངེས་པར་དུ་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ངེས་པར་དུ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚོད་ཇེ་མཐོ། ངེས་པར་དུ་ཆོས་ལུགས་ཀྱི་སྤྱི་ཚོགས་བྱེད་ནུས་ལ་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ། ངེས་པར་དུ་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱས་ཏེ་ཆོས་ལུགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱ་དགོས་ཞེས་བརྗོད་འདུག
   ལི་ཧྥིང་མེང་གིས་བརྗོད་དོན་ལ། 1987 ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་པའི་ཚུན་ལ། བོད་བརྒྱུད་ནང་བསྟན་རྒྱལ་གཅེས་ཆོས་གཅེས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་གཙོ་སྐྱོང་རྩེ་གཅིག་ཏུ་བྱེད་ཀྱི་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་སློབ་གྲྭ་མཐོ་ཤོས་ལྟ་བུར་ཆགས་ཡོད། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣས་དད་ལྡན་མང་ཚོགས་དང་མཐུན་སྒྲིལ་དམ་པོ་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་ཕྱོགས་ལ་ནུས་པ་འགངས་ཆེན་ཐོན་ཡོད། ནང་བསྟན་སློབ་གླིང་བཙུགས་ནས་ལོ 30 རིང་ལ་གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་ཡོད་ལ་ཉམས་མྱོང་ཡང་འགའ་རེ་ཡོད།  ནང་བསྟན་སློབ་གླིང་གི་མཐར་ཕྱིན་སློབ་མ་ཕྱིར་ལོག་རྗེས་ནུས་པ་དཔེ་མི་སྲིད་པ་བཏོན་བྱུང་། དཔེར་ན་ས་ཆ་སོ་སོའི་མི་དམངས་འཐུས་ཚོགས་དང་སྲིད་གྲོས། ནང་བསྟན་རྩ་འཛུགས་སོགས་སུ་འགན་ཁུར་མཁན་ཧ་ཅང་མང་པོ་ཡོད་ལ། སློབ་ཐོན་པ་མང་ཆེ་བ་ཕྱིར་དགོན་པར་ཕྱིན་ནས་སྐྱོར་དཔོན་དང་མཁན་པོ། དགོན་པའི་དོ་དམ་ཁོངས་མིར་གྱུར་ཡོད་པས། འཆད་ཉན་དང་དགོན་པའི་དོ་དམ་གང་གི་ཕྱོགས་ནས་ཀྱང་ད་ལྟ་རྐང་འཛིན་ལྟ་བུར་གྱུར་ཡོད་པས། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད། བོད་ཁུལ་གྱི་འཕེལ་རྒྱས་སོགས་ལ་ནུས་པ་ཡར་ལྡན་མང་དག་བཏོན་ཡོད་ཅེས་བརྗོད།
   ཡང་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཇི་ལྟར་བྱེད་དགོས་པའི་སྐོར་འདྲི་སྐབས། ལི་ཧྥིང་མེང་གིས་བརྗོད་དོན། ནང་བསྟན་སློབ་གླིང་གིས་འདིའི་སྐོར་ནས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་དགོངས་དོན་བླང་བྱ་བཞིན་ཚོད་ལྟ་ཁ་ཤས་བྱེད་མགོ་ཚུགས་ཡོད་དེ། ཕྱོགས་གཅིག་ནི་མཚན་གནས་གསར་པ་སྟེར་བ་དང་། གཞན་གཅིག་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དགོངས་འགྲེལ་བྱེད་པ་འདི་ཡིན། ལས་ཀ་འདིའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་གྱི་ཕུལ་ཏུ་བྱུང་བའི་ཆོས་བརྒྱུད་རིག་གནས་ཀྱི་སྙིང་པོ་སྔོག་འདོན་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་འགྲེལ་བརྗོད་གསར་པ་བྱེད་རྒྱུ་དེ་ཡིན་ཞེས་བརྗོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག