ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ལ་བྱེད་སྟངས་གསར་པ་ག་འདྲ་ཡོད་དམ།

2015-06-07 མང་མཁར་བློ་ཕུན།
   གསར་འགོད་པས་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་འགྱུར་པུའུ་ལས་ཉམས་ཞིབ་བྱུང་དོན། ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་བྱེད་ཕྱོགས་ཚོགས་འདུ་སྐོང་འཚོགས་བྱས་རྗེས་སུ་བོད་ལྗོངས་ཀྱིས་དུས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ཚགས་ཚུད་པ་སྤེལ་བའི་དགོངས་དོན་ལྟར་བྱེད་ཕྱོགས་གསར་པ་རབ་དང་རིམ་པ་ལག་བསྟར་བྱེད་འཆར་ཡོད་འདུག དེ་དག་ཁྲོད་འཐབ་ཕྱོགས་གཅིག་འགྱུར་གྱི་ལྟེ་བའི་ནུས་ཤུགས་འདོན་ཡུལ་གཏན་འཁེལ་བྱ་རྒྱུ་དང་ཏང་ཕྱིའི་འཐུས་མི་གསོ་སྐྱོང་དང་འདེམ་སྒྲུག་ནུས་པ་ཇེ་ཆེར་བསྐྱེད་རྒྱུ་བཅས་རེད།
   དུས་བབ་གསར་པ་དང་འགྱུར་བ་གསར་པའི་ཡོ་ལང་ཁྲོད་བོད་ལྗོངས་འཐབ་ཕྱོགས་གཅིག་འགྱུར་པུའུ་ནས་གསར་སྐྲུན་ལྟ་བ་བཅོས་སྒྱུར་གྱི་དགོངས་དོན་ལྟར་ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གྱི་གལ་ཆེའི་ལས་དོན་མི་སྣ། སྨྱན་སྦྱོར་གསར་པའི་འཐུས་ཚབ་མི་སྣའི་ལས་དོན་སྤེལ་ཕྱོགས་སོགས་སྒོ་ཀུན་ནས་བོད་ལྗོངས་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་སྤེལ་བའི་དམིགས་ཚད་གསར་པ་དང་ཁ་གཏད་གསར་པ་བཅས་གཏན་འཁེལ་བྱས་པ་རེད། དུས་མཚུངས་སུ་ཐེ་ཝན་དང་བོད་རིགས་སྤུན་ཟླའི་ཐད་ཀྱི་ལས་དོན་བྱེད་ཕྱོགས་མུ་མཐུད་ནས་ཇེ་ཟབ་དང་ཇེ་ཡངས་སུ་བསྐྱེད་རྒྱུ་དང་དེ་བཞིན་ཏང་ཕྱིའི་འཐུས་མི་འདེམ་སྒྲུག་དང་གསོ་སྐྱོང་གི་ནུས་པ་སྔར་བས་མང་བ་བསྐྱེད་དེ་འཐབ་ཕྱོགས་གཅིག་འགྱུར་གྱི་ཁྱབ་ཁོངས་སྔར་བས་ཇེ་ཡངས་སུ་གཏོད་རྒྱུ་རེད། གཞན་ཡང་བོད་ལྗོངས་ཀྱི་དོན་དངོས་གནད་དོན་དང་ཟུང་འབྲེལ་བྱས་ཏེ་དམིགས་ཡུལ་དང་ཁ་གཏད་ངོས་བཟུང་གིས་མི་རིགས་ཆོས་ལུགས་ཀྱི་ལས་དོན་སྤེལ་བ་དང་མུ་མཐུད་ལོ་གོང་མའི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ་བློ་སྟོབས་ཆེན་པོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བར་ཉ་མོ་ཆུར་གནས་ཀྱི་ལམ་ཕྱོགས་འཚོལ་ཞིབ་བཅས་བྱས་ཏེ་བོད་ལྗོངས་ཀྱི་མི་རིགས་ཁག་བར་ཞི་མཐུན་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་། ཞི་བདེ་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་བ་རེད།  མ་ཟད་བོད་ལྗོངས་འཐབ་ཕྱོགས་གཅིག་འགྱུར་པུའུ་རང་ངོས་ཀྱི་འཛུགས་སྐྲུན་དང་ཕྱོགས་བསྡུས་བྱང་ཚད་གོང་མཐོར་བཏང་ནས་འཐབ་ཕྱོགས་གཅིག་འགྱུར་མི་སྣ་ཏང་ཕྱིའི་མི་སྣའི་དཔུང་གྲོགས་སུ་འགྱུར་བ་དང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཏང་ཕྱིའི་མི་སྣའི་ཁྱིམ་གཞིས་སུ་འགྱུར་བར་ནུས་པ་འདོན་བཞིན་ཡོད་འདུག བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་འགྱུར་ཚན་པས་གོང་སྨྲས་ཀྱི་ཧུར་བརྩོན་ལ་བརྟེན་ནས་བོད་ལྗོངས་འཕེལ་རྒྱས་དང་འཆམ་མཐུན། བརྟན་ལྷིང་བཅས་ཡོང་བར་རྒྱུན་མཐུད་ཀྱིས་ནུས་ཤུགས་འདོན་སྤེལ་བྱས་ཡོད།
   ཉེ་ལམ་ཟླ ༥ པའི་ཚེས ༡༨ ནས་ཚེས ༢༠ ཉིན་བར་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ལྷན་བཞུགས་ཐོག་གལ་ཆེའི་གཏམ་བཤད་གནང་བ་རེད། ཁོང་ནས་ནན་བཤད་གནང་རྒྱུར། དུས་བབ་གསར་པའི་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་སྤེལ་བར་མ་མཐའི་རྩ་དོན་ནི་ཏང་གིས་འགོ་ཁྲིད་བྱེད་པ་དང་ཞོར་གྱི་ལག་བསྟར་དང་བྱེད་ཕྱོགས་ཅི་རིགས་པ་ཡོད་ཚད་ཏང་གིས་འགོ་ཁྲིད་ཀྱི་གོ་གནས་དང་སྲིད་སྐྱོང་གི་གོ་གནས་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་རྒྱུའི་དམིགས་ཡུལ་ཉག་གཅིག་ཡིན་ཞེས་གསུངས། ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་ཐུབ་པ་དགོས་ཤིང་དགེ་བའི་གྲོགས་བཟང་འགྲིག་པ་དང་གཅིག་མཐུན་གྱི་བསམ་བློའི་རྨང་གཞི་འཛུགས་སྐྱོང་དང་སྲ་བརྟན་དུ་གཏོང་བ། ཕྱོགས་མཚུངས་དམངས་གཙོ་དར་སྤེལ་དང་བར་ཁྱད་ལ་བཟོད་གསོལ། བརྩི་བཀུར་བཅས་ཀྱིས་མཐུན་མོངས་གི་འབད་བརྩོན་དམིགས་ཚད་ཇེ་ཡངས་སུ་གཏོང་དགོས། ཁོང་ནས་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ནི་ཏང་ཡོངས་ཀྱི་ལས་དོན་ཡིན་པས་ཏང་མི་ཡོངས་ནས་ནན་ཏན་གྱི་རྣམ་འགྱུར་བཟུང་དགོས་པ་དང་རིམ་པ་ཁག་གི་ཏང་ཨུད་ནས་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ནི་དོན་གྱི་དམ་པར་བརྩིས་ཏེ། ཏང་ཨུད་ཀྱིས་གཅིག་འགྱུར་གྱི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་འགྱུར་པུའུ་ནས་མ་སྐུལ་དང་བླངས་ཐོག་གཞོགས་འདེགས་བྱེད་པ། འབྲེལ་ཡོད་ཚན་པ་དང་མི་སྣས་རང་འགན་ལྷུར་དུ་ལེན་པ་བཅས་ཀྱིས་ལས་ཀའི་རྣམ་པ་རྒྱུན་འཁྱོངས་ཡོང་བ་བྱེད་དགོས་ཞེས་གསུངས། དེ་བཞིན་འཐབ་ཕྱོགས་གཅིག་འགྱུར་མི་སྣའི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ། དྲང་བདེན་ཡ་རབས། བཏང་སྙོམས་གཞན་ཕན། སྤྱོད་གཙང་སྲི་ཞུ་བཅས་བྱ་སྤྱོད་ངོ་མའི་ཐོག་ནས་མངོན་པར་བྱས་ཏེ་ཏང་ཕྱིའི་མི་སྣའི་བཅོས་མིན་གྱི་གུས་བཀུར་དང་དང་ལེན་ཡོང་བ་བྱས་ཏེ་དེ་དག་གིས་ཏང་དང་མཉམ་དུ་འབད་འཐབ་བྱེད་པར་སྐུལ་སློང་བྱེད་དགོས། 
   ཉེ་སྔོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་ནས《ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་ཕྱོགས་སྐོར་དང<ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་བཅའ་སྲོལ(ཚོད་སྤྱོད)>དགོངས་དོན་སྐོར་གྱི་བརྡ་ཐོ》ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ནི་རྗེས་ཕྱོགས་ཀྱི་དུས་ཡུན་རིང་ཙམ་ནང་གི་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་ཀའི་གནད་འགག་དང་སྲོག་ཤིང་དུ་བཟུང་ནས་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་ཀའི་འོས་འགན་ཁུར་དུ་བཟོད་པ་བྱེད་དགོས་ཞེས་འཁོད་ཡོད།(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་རྩོམ་ཡིག