ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དུས་བབ་གསར་པའི་འོག་འཐབ་ཕྱོགས་གཅིག་གྱུར་གྱི་གལ་ཆེན་ནུས་པར་ངོས་འཛིན་གང་ལེགས་བྱེད་དགོས།

2015-06-07
ཞིས་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་གླེང་ཐེངས་དང་པོ།
   མི་སེམས་ནི་ཆབ་སྲིད་ཆེ་ཤོས་དང་མཐུན་སྒྲིལ་ནི་ཡུན་གནས་ཀྱི་བརྗོད་དོན་གཙོ་བོ་ཡིན། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་པའི་འགག་རྩའི་དུས་མཚམས་སུ་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་འབྲེལ《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》སློབ་སྦྱོང་ལག་བསྟར་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དེས་ཁྱབ་ཁོངས་ཁག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་རྩ་བའི་བསྟུན་ས་མཁོ་འདོན་བྱས་པར་བརྟེན་དེ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།
   འཐབ་ཕྱོགས་གཅིག་གྱུར་ནི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ལེན་པའི་མཆོག་ནོར་གལ་ཆེན་ཞིག་དང་། ཏང་གི་གྲལ་རིམ་རྨང་གཞི་བརྟན་དུ་གཏོང་བ་དང་། ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་གཏོང་བ། ཏང་གི་སྲིད་སྐྱོང་གནས་བབ་བརྟན་དུ་གཏོང་བ་བཅས་ཀྱི་མཆོག་ནོར་གལ་ཆེན་ཞིག འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཐུབ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་མཆོག་ནོར་གལ་ཆེན་ཞིག་ཡིན། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་ཏང་ཡོངས་ལས་དོན་གྱི་གནས་བབ་གལ་ཆེན་དུ་བཞག་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་སྐོང་འཐེན་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་བྱས་ཏེ་ལོ་རྒྱུས་ཀྱི་རྐང་རྗེས་ཟབ་མོ་དང་ཉམས་མེད་ཀྱི་ལོ་རྒྱུས་བྱས་རྗེས་གཏོད་པའི“ཁྱིམ་བརྒྱུད་ཀྱི་ནོར་བུར”གྱུར་ཡོད།
   སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་ནི་མིར་སློབ་གསོ་གཏོང་བའི་ལས་དོན་ཞིག་ཡིན་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྒྲུབ་རྒྱུ་དེ་ནི་ཐུན་མོང་གི་འབད་འཐབ་སྟོབས་ཤུགས་སྟོབས་ཆེར་གཏོང་ཆེད་དུ་ཡིན་ཞེས་གསུངས་ཡོད། མི་སེམས་ཀྱི་གཏད་ཕྱོགས་དང་སྟོབས་ཤུགས་ཀྱི་བསྡུར་བ་ནི་བྱ་གཞག་ལ་རྒྱལ་ཁ་ཐོབ་མིན་གྱི་འགག་རྩ་ཡིན་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ངོ་བོ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་དེ་ཡིན་པ། ཐག་གཅོད་བྱེད་དགོས་པ་དེ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཞིག་ཡིན། དེ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་དམིགས་པ་དང་། ཆོས་ཉིད་སྟངས་འཛིན། གནད་དོན་ལ་ཐད་ཀར་ཕྱོགས་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཞིག་ཡིན་པ་དང་། དེ་ཉིད་ཀྱིས་ང་ཚོའི་ཏང་སྟོབས་ཤུགས་ཆུང་བའི་སྐབས་སུ་འཐབ་ཕྱོགས་གཅིག་གྱུར་མཁོ་བ་དང་སྟོབས་ཤུགས་སྟོབས་ཆེ་དང་ཡུན་རིང་སྲིད་དབང་འཛིན་པའི་སྐབས་སུའང་ད་དུང་དེ་མཁོ་དོན་གང་ཡིན་པ་དང་། གསར་བརྗེ་བྱེད་སྐབས་འཐབ་ཕྱོགས་གཅིག་གྱུར་མཁོ་བ་དང་འཛུགས་སྐྲུན་དང་སྒྱུར་བཅོས་བྱེད་སྐབས་ད་དུང་དེ་མཁོ་དོན་གང་ཡིན་པ་རྒྱས་བཤད་གཏིང་ཟབ་གནང་བ་དེ་ཐོག་ནས་ཚད་མཐོའི་ལོ་རྒྱུས་ཀྱི་རྒྱུན་འཛིན་རང་བཞིན་དང་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་མངོན་པ་མ་ཟད། འཐབ་ཕྱོགས་གཅིག་གྱུར་གྱི་གནས་བབ་དང་ནུས་པའི་ངོས་འཛིན་དེ་མཐོ་ཚད་གསར་པར་མཐོར་འདེགས་བྱས་ཡོད།
   དེ་སྔ་ཏང་ཀྲུང་དབྱང་ཤིས་པེ་ཕོ་ནས་བྲལ་སྐབས་བློ་མཐུན་མའོ་ཙེ་ཏུང་གིས“དེ་ནི་པེ་ཅིང་དུ་ཡིག་རྒྱུགས་སྤྲོད་པར་སྐྱོད་པ་ཞིག་ཡིན”ཞེས་གསུངས་ཡོད། སྲིད་དབང་ཐོག་མར་འཛིན་པ་ནི་རྒྱུགས་སྤྲོད་པ་ཞིག་ཡིན་ལ། ཡུན་རིང་སྲིད་སྐྱོང་ནི་དེ་བས་དཀའ་ཚེགས་ཆེ་བའི་རྒྱུགས་སྤྲོད་པ་ཞིག་ཡིན། འགྱུར་མེད་ཀྱི་རྒྱུགས་གཞི་ནི་མི་སེམས་ཡིན་པ་དང་རྒྱུགས་དཔོན་ནི་མི་དམངས་ཡིན། མིག་སྔར་ང་ཚོའི་ཏང་གིས་འགོ་ཁྲིད་གནང་བའི་འཐབ་ཕྱོགས་གཅིག་གྱུར་དེ་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐྲུན་མཁན། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་མཁན་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་གཞོལ་མཁན་རྒྱལ་གཅེས་པ་བཅས་ཀྱི་རྒྱ་ཁྱབ་ཀྱི་མནའ་འབྲེལ་ཞིག་ཏུ་གྱུར་ཡོད། དམངས་གཙོའི་ཏང་ཤོག་དང་། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣ། མི་རིགས་དང་ཆོས་ལུགས་ལས་རིགས། སྤྱི་ཚོགས་ཀྱི་རིམ་གྲས་གསར་པ། ཤང་ཀང་དང་། ཨའོ་མོན། ཐའེ་དབན་སོགས་ཕྱོགས་ཁག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་དུང་ཕྱུར་ཁ་ཤས་ཡོད། སྟོབས་ཤུགས་དེ་དག་ལ་མཐུན་སྒྲིལ་བྱས་ཚེ་ང་ཚོའི་བྱ་གཞག་ལ་གཞི་ནས་དེ་བས་བརྟན་པའི་རྨང་གཞི་ཡོང་སྲིད།
   མིག་སྔར་ང་ཚོས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཧུར་ཐག་བྱེད་པ་དེ་ནི་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ཅིག་ཡིན། བརྗིད་ཆེའི་བྱ་གཞག་དང་དཀའ་ཚེགས་ཀྱི་ལས་འགན་ལ་ཕྱོགས་སྐབས་ང་ཚོའི་ཏང་ཁོ་ནར་བརྟེན་ན་མི་འགྲིག་པར་ངེས་པར་དུ་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་ཐུན་མོང་ཐོག་འབད་འཐབ་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་ཧུར་ཐག་ཞུགས་ནས་གསར་གཏོད་གསར་སྐྲུན་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད་པ་དང་། སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་གྱི་ཆེས་ཆེ་བའི་སྤྱིའི་དབྱེ་གྲངས་ཆགས་པ་བྱ་རྒྱུ་དང་། དྲང་ནུས་གཅིག་ཏུ་འགྲིལ་རྒྱུ་དང་ཁ་འབྲལ་ཐབས་མེད་པ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྦྱོར་འབྲེལ་བ་དང་འགལ་ཟླ་སེལ་བའི་ཐད་ཀྱི་ཐུན་མིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད་པ། གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤང་ཀང་དང་། ཨའོ་མོན། ཐེན་དབན་སོགས་སྤུན་ཟླའི་མི་སེམས་ཁྲོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་བཏོན་པའི་རྨང་གཞིའི་ནུས་པ་དང་ཁ་འབྲལ་ཐབས་མེད། དེར་བརྟེན་འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་དེ་ཡང་དུ་ཕྱིན་མེད་པར་ལྕི་རུ་ཕྱིན་ཡོད།
   ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ང་ཚོའི་ཏང་གིས་འགོ་ཁྲིད་གནང་བའི་རླབས་ཆེན་བྱ་གཞག་ལེགས་སྒྲུབ་མ་བྱུང་བའི་བར་དང་མཐའ་མའི་དམིགས་ཚད་རྦད་དེ་མངོན་འགྱུར་མ་བྱུང་བའི་བར་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་པ་དང་ཐུན་མོང་གི་ངོས་འཛིན་དང་། མི་སེམས། བློ་གྲོས། སྟོབས་ཤུགས་བཅས་གཅིག་ཏུ་འགྲིལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་གཞག་ལ་སྟོབས་ཆེ་ཡུན་རིང་རྒྱ་ཁྱབ་བཅས་ཀྱི་སྟོབས་ཤུགས་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག