ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྐད་འཕྲིན་དུ་ཁྱབ་པའི“བྱིས་པ་ལྐོག་འཚོང་བྱས་ཚད་ལ་སྲོག་ཆད་གཅོད་དགོས”ལ་ཆེད་མཁས་མོས་མཐུན་མེད།

2015-06-18 སྙིང་མོ།
   ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཅང་ཞའོ་ཡིས་བརྗོད་དོན།  ང་རང་ཨ་མ་ཞིག་ཡིན་པའི་ངོས་ནས་བྱིས་པ་ལྐོག་འཚོང་རྒྱག་མཁན་དག་ལ་སྡང་སེམས་རབ་ཏུ་ཆེ་ཡང་།  ཁྲིམས་ལུགས་ལ་བློ་སྦྱོང་ཡོད་མཁན་ཞིག་གི་ཆ་ནས་ངས་དཔྱོད་ཤེས་ཀྱིས་གནད་དོན་ལ་བསམ་བློ་གཏོང་ཤེས་ཟེར།  ཐོག་མར། སྲོག་ཆད་ཀྱི་ཟིལ་ཤུགས་ལ་ཚད་བཀག་ཡོད་དེ།  ང་ཚོས་བསམ་གཟས་ནས་མི་བསད་པར་སྲོད་ཆད་བཅད་ཀྱང་། དོན་དམ་དུ་བསམ་གཟས་ནས་མི་གསད་པའི་ཉེས་གསོག་འདིའི་རིགས་འགོག་ཐུབ་མེད། དེ་ནས། སྲོག་ལ་མ་འཛེམ་པར་ནག་ཉེས་བཟོ་བ་དག་ནི་སྤྱིར་བཏང་འཛིན་བཟུང་བྱེད་ཁག་པོ་ཡིན།  གལ་སྲིད་མི་ཚོང་རྒྱག་མཁན་ཡོད་དོ་ཅོག་ལ་སྲོག་ཆད་བཅད་པ་ཡིན་ན་བསླུས་ཡོད་པའི་བྱིས་པ་གང་དེ་ཉེན་གནས་སུ་ལྷུང་བཅུག་ཡོད་པས།  ཉེན་རྟོག་པའི་འཛིན་བཟུང་ལའང་དཀའ་ཁག་བཟོས་ཡོད།  མཐའ་མར། ང་རང་ལས་རིམ་བཅའ་ཁྲིམས་བསླབས་མྱོང་མཁན་ཞིག་ཡིན་པས། དོགས་ཡོད་ཉེས་ཅན་ལ་ཉེས་མེད་རིག་འདེད་བྱེད་རྒྱུའི་སེམས་ཁམས་ཞིག་ཡོད་དེ།  ཉེས་པ་ཇི་འདྲའི་ཆེན་པོ་བཟོས་ཡོད་ཀྱང་ཡོད་དོ་ཅོག་ལ་སྲོག་ཆད་གཅོད་པ་ལས་དེ་ལ་དག་འབུད་ཀྱི་གོ་སྐབས་སྤྲོད་དགོས།
   ཀོང་ཀྲོའུ་ནས་ཡིན་པའི་ཁྲིམས་རྩོད་པ་ཀྲང་ཧུའེ་ཡིས་བརྗོད་དོན། ནག་ཉེས་ཆེན་པོར་ཁྲིམས་ཆད་ལྕི་མོ་གཅོད་པ་དང་། ནག་ཉེས་ཆུང་བར་ཁྲིམས་ཆད་ཡང་མོ་གཅོད་པ། ཁྲིམས་ཆད་དེ་ནག་ཉེས་དང་འཚམ་པ་དང་།  ཁྲིམས་ཆད་དང་ནག་ཉེས་དོ་མཉམ་དགོས།  ང་ཚོས་ཉེས་གསོག་གི་བྱུང་རིམ་བྱེ་བྲག་པ་ལ་གཞིགས་ཏེ་ཁྲིམས་ཆད་གཅོད་དགོས་པ་ལས། གཅིག་དཔེ་བརྒྱ་འགེབས་དང་མི་ཚོང་རྒྱག་མཁན་ཡོད་དོ་ཅོག་ལ་སྲོག་ཆད་གཅོད་མི་རུང་། མི་ཚོང་རྒྱག་མཁན་མང་པོ་ཞིག་གི་ཚོང་རྒྱག་བྱེད་ཀྱི་བྱིས་པ་ནི་དོན་དངོས་སུ་བྱིས་པའི་ཕ་མས་རང་འགུལ་གྱིས་བཙོང་གི་ཡོད་ཅིང་། མི་ཚོང་རྒྱག་མཁན་དེས་བར་སྨྱན་གྱི་ལས་བྱེད་བཞིན་ཡོད།  དེ་མ་ཟད། འཛམ་གླིང་རྒྱལ་ཁབ་གཞན་དག་གི་ཉམས་མྱོང་གང་ཞིག་ལ་མིག་དཔེ་བྱས་ཀྱང་། ཁྲིམས་ཆད་ལྕི་མོ་བཅད་པ་བརྒྱུད་དེ་ནག་ཉེས་བཟོ་བ་ཟིལ་གྱིས་གནོན་ཐབས་དེ་ནི་ཐབས་ཤེས་བཟང་ཤོས་དེ་ཡིན་མི་འདུག  ཡང་གཅིག་བཤད་ན། སྲོག་ཆད་བཅད་པ་ཡིས་མི་ཚོང་རྒྱག་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་ཟེར།  
   དྲ་གྲོགས་མང་པོས་མི་ཚོང་རྒྱག་མཁན་ལ་སྲོག་ཆད་བཅད་ན་དེ་དག་ཐབས་ཟད་འུ་ཐུག་པར་བྱས་པས་བསླུས་ཡོད་པའི་བྱིས་པའི་བདེ་འཇགས་ལ་གནོད་པ་ཐེབས་ཡོང་བར་བཤད་པར།  སྤྱི་བདེ་པུའུ་ཡི་ཀྲུའུ་རེན་ཁྲེན་ཧྲི་ཆུས་ཀྱིས་བྱིས་པ་ལྐོག་འཚོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་གྱི་ཁེ་ཕན་ལ་ཐུག་ཡོད་པ་ལས། དེའི་ཚེ་སྲོག་གི་བདེ་འཇགས་ལ་གནོད་པ་བྱེད་པ་མིན། དེ་བས་བདེ་འཇགས་ཀྱི་ཐད་ནས་སེམས་ཁྲལ་མི་དགོས་པར་བཤད་ཡོད། 

ད་ཆར་བྱིས་པ་ཉོ་མཁན་ཕྱོགས་ཀྱི་ཁྲིམས་ཆད་ཅུང་ཡང་འདུག 
   ད་ཆར་བྱིས་པ་ཉོ་མཁན་ཕྱོགས་ལ་ཁྲིམས་ཆད་ཅུང་ཡང་མོ་བྱས་ཡོད་པ་དེའང་བྱིས་པ་ལྐོག་འཚོང་གི་དོན་རྐྱེན་མང་དུ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་འདུག 
   ཆུས་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ལིས་ཞུའེ་སུང་ནི་བྱིས་པ་ལྐོག་འཚོང་གི་གྱོད་གཞི་མང་དུ་བསྒྲུབས་མྱོང་མཁན་ཞིག་ཡིན། ཁོས་ས་གནས་དེ་གར་བྱུང་བའི་གྱོད་གཞི་མང་པོ་ཞིག་ལ་དབྱེ་ཞིབ་བྱས་པ་ལྟར་ན། མི་ཚོང་རྒྱག་མཁན་དེ་འདི་འདྲའི་སྨྱོ་ཧམ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་དེ་ལ་ཚོང་ར་ཅུང་ཆེན་པོ་ཡོད་པས་ལན་འདུག    སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་གྱིས་མི་ཁ་ཤས་ཀྱིས་ཁྲིམས་ལུགས་ཀྱི་ཐེ་གཏོགས་ལ་མ་ལྟོས་པར། རི ན་གོང་མཐོན་པོས་བྱིས་པ་ཉོས་ཏེ་རང་གི་ཁྱིམ་རྒྱུད་ཀྱི་ཤུལ་བཟུང་ཏུ་བཅུག་ཡོད།   རྒྱུ་རྐྱེན་གཉིས་པ་ནི་བྱིས་པ་ལྐོག་འཚོང་གི་ཁེ་སྤོགས་མཐོན་པོས་མི་མང་པོ་བསླུ་བྲིད་བཏང་ཡོད།    རྒྱུ་རྐྱེན་གསུམ་པ་ནི་གྱོད་དོན་འདིའི་རིགས་བཟོ་སླ་བ་མ་ཟད། ཉེས་གསོག་མཚང་འབྱིན་བྱེད་ཁག་པོ་ཡིན།  བྱིས་པ་ལྐོག་འཚོང་བྱེད་པ་དེ་ནི་བུད་མེད་བསླུས་འཚོང་བྱེད་པ་ལས་ཀྱང་བདེ་འཇགས་ཡིན།  བསླུས་པའི་བྱིས་པ་མཐའ་མར་ཉེན་ཁ་ལས་ཐར་ཡང་ཉེས་སྐྱོན་ཐེར་འདོན་བྱེད་མི་ཐུབ་པ་མ་ཟད། ཉེས་ཅན་ངོས་འཛིན་དང་བདེན་དཔང་མཁོ་སྤྲོད་བྱེད་མི་ཐུབ་པས་སོ།།
   ཁྲིམས་དཔོན་ལིས་ཞུའེ་སུང་གིས་ད་དུང་དེང་གི་ཁྲིམས་ལུགས་ལག་བསྟར་ནང་བྱིས་པ་ཉོ་མཁན་ཕྱོགས་ལ་རྡུང་རྡེག་གཏོང་བ་དེ་ལོང་གནས་སུ་གྱུར་ཡོད་པར་བཤད།  མི་ཚོང་རྒྱག་མཁན་གྱི་ཁྲིམས་ཆད་ནི་ཅུང་ནན་མོ་ཡིན་ཡང་།   བྱིས་པ་ཉོ་མཁན་ཕྱོགས་ལ་ཁྲིམས་ཆད་ཅུང་ཡང་མོ་གཅོད་པའམ་ཡང་ན་ཁྲིམས་ཆད་གཅོད་ཀྱི་མི་འདུག   འདི་ལྟ་བུའི་ཡན་ལག་བཅོས་ཀྱང་རྩ་བ་མི་བཅའ་བའི་བྱེད་ཐབས་ནི་བྱིས་པ་ཉོ་མཁན་གྱི་ཚོང་ར་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།  
   རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཞུས་ཆན་སུང་གིས་ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ“བྱིས་པ་ལྐོག་འཚོང་བྱེད་པར་རྡུང་རྡེག་བྱེད་པའི་སྐོར་”གྱི་གྲོས་གཞི་ཞིག་བཏོན་ཡོད་པའི་ནང་། ཁྲིམས་འཛུགས་འཐུས་ཚང་དང་དམངས་ཡོངས་ཀྱིས་ལྐོག་འཚོང་ལ་རྒོལ་བའི་འདུ་ཤེས་དང་ནུས་པ་ཇེ་ཆེར་གཏོང་དགོས་པའི་བསམ་འཆར་བཏོན་ཡོད།
   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན ༢༤༡ པའི་ནང་གསེས་དྲུག་པའི་ནང“བུད་མེད་དང་བྱིས་པ་ལྐོག་འཚོང་བྱས་པ་ཉོས་ན། བཙོང་ཡོད་པའི་བུད་མེད་ཀྱི་མོས་པ་ལ་གཞིགས་ནས་སྔོན་གྱི་སྡོད་གནས་ལ་ལོག་པར་བཀག་འགོག་མི་བྱེད་པ་དང་། བཙོང་ཡོད་པའི་བྱིས་པ་ལ་མནར་གཅོད་ཀྱི་བྱ་སྤྱོད་མེད་པ་དང་། ཉེན་ཁ་ལས་སྐྱོབ་པར་བཀག་འགོག་མི་བྱེད་པར་ཉེས་དོན་གྱི་འགན་འཁྲི་སྙེག་དཀྲི་མ་བྱས་ན་ཆོག” ཅེས་གཏན་དུ་ཕབ་ཡོད།  ཞུས་ཆན་སུང་ལྟར་ན་ཁྲིམས་ལུགས་འདི་བཟོ་བཅོས་རྒྱག་དགོས་པར་བསམ་ཏེ། ཁོས་“མིག་སྔར་བྱིས་པ་ལྐོག་འཚོང་བྱེད་མཁན་འདི་འདྲའི་མང་པོ་ཡོད་པོའི་རྒྱུ་རྐྱེན་གཅིག་ནི་དེ་ལ་ཚོང་ར་ཆེན་པོ་ཡོད་པ་དང་། ཉོ་མཁན་ཕྱོགས་ལ་སྤྱིར་བཏང་ཉེས་ཆད་མི་ཕོག་པས། དཔལ་འབྱོར་ཆུ་ཚད་ཞན་པའི་ས་ཁུལ་དང་ལྷག་པར་དུ་ཞིང་པའི་ས་ཁུལ་གྱི་ཁྱིམ་ཚང་གིས་བསླུས་འཚོང་བྱས་པའི་བྱིས་པ་ཉོས་ན་སེམས་ཁྲལ་ཅི་ཡང་ཡོད་མི་འདུག”ཅེས་ཟེར།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག