ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོ་རུ་སྐྱེ་འགོག་རྫས་ཉོག་སྤྱོད་བྱེད་ཚབས་ཤིན་ཏུ་ཆེ། ཡོ་རོབ་དང་ཨ་རི་ལས་ལྡབ ༥ ཡིས་མཐོ།

2015-06-19 རྡོ་ཕྲུག
   ད་ལོའི་ཟླ ༤ པར་ཧྲང་ཧའེ་ཧྥུ་ཏན་སློབ་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གིས། ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་སོགས་ཀྱི་སློབ་གྲྭར་སྡོད་པའི་ཕྲུ་གུ ༡༠༠༠ ལྷག་གི་གཅིན་པར་བརྟག་ཞིབ་བྱས་པ་ལས། ཚོད་ལྟ་བྱ་ཡུལ་བྱིས་པ ༦༠% གཅིན་པའི་ནང་སྐྱེ་འགོག་རྫས་རྙེད་ཡོད་འདུག  ཡང་ཉེ་ལམ་ཀྲུང་གོའི་ཚན་རིག་གླིང་ཀོང་ཀྲིག་ས་ཁམས་རྫས་འགྱུར་ཞིབ་འཇུག་སོའོ་ཡི་ཡིན་ཀང་ཀོ་ཞིབ་འཇུག་ཚོ་ཆུང་གིས་རྒྱལ་སྤྱིའི་དུས་དེབ《ཁོར་ཡུག་ཚན་རིག་དང་ལག་རྩལ》(Environmental Science& Technology)ཞེས་པའི་སྟེང་སྤེལ་བའི་གཞི་གྲངས་ལས་ཀྱང་ཀྲུང་གོ་རུ་སྐྱེ་འགོག་རྫས་གང་བྱུང་སྤྱོད་ཚབས་ཤིན་ཏུ་ཆེ་བ་སྟེ། མི་རེའི་ཆ་སྙོམས་སྤྱོད་ཚད་དེ་ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་ལས་ལྡབ ༥ ཡི་མཐོ་བ་མངོན་ཡོད་འདུག
   ཞིབ་འཇུག་འདིའི་སྡོམ་རྩིས་ལྟར་ན། ༢༠༡༣ ལོར་ཀྲུང་གོ་སྐྱེ་འགོག་རྫས་ཏུན་ཁྲི ༡༦.༢ སྤྱད་ནས་འཛམ་གླིང་གི་ཨང་དང་པོ་ཆགས་ཡོད། དེའི་གྲས་ཀྱི་ཏུན་ཁྲི ༧.༨ ནི་མིའི་རིགས་ཀྱིས་སྤྱད་པ་དང ༤༨% ཟིན་ལ་ཁྲི ༨.༤ སྲོག་ཆགས་ཀྱི་སྟེང་དུ་སྤྱད་ཡོད་འདུག  གྲངས་འབོར་གཏོས་ཤིན་ཏུ་ཆེ་བ་འདི་འདྲ་ཀྲུང་གོའི་སྨན་ཁང་གིས་དག་གིས་སྐྱེ་འགོག་རྫས་གང་བྱུང་སྤྱོད་པ་དང་འབྲེལ་བ་ཡོད།  སྨན་ཁང་གིས་སྐྱེ་འགོག་རྫས་སྤྱོད་པའི་ཚད་དེ ༣༠% ལས་བརྒལ་མི་ཆོག་ལུགས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་འདེབས་བྱས་ཡོད་མོད། གསར་ལམ་ཁག་ཏུ།  ཀྲུང་གོ་རུ་སྤྱོད་ཚད ༧༠% ཡས་མས་སུ་སླེབས་ཡོད་ཅེས་བཀོད་ཡོད་འདུག  སྐྱེ་འགོག་རྫས་སྤྱོད་པའི་ས་ཆའི་ཁྱབ་སྟངས་ལྟར་ན། སྤྱོད་ཚད་མཐོ་ཤོས་དེ་ཧྭ་ཤར་ཡིན་པ་དང་། དེ་ནས་རིམ་བཞིན་ཧྭ་བྱང་དང་། ཧྭ་དབུས། ལྷོ་ནུབ། ཧྭ་ལྷོ། བྱང་ཤར་དང་ནུབ་བྱང་གི་ས་ཆ་བཅས་རེད་འདུག  ༢༠༡༡ ལོར་འཕྲོད་བསྟེན་པུའུ་ཡིས“སྲིན་འགོག་སྨན་རིགས་བཀོལ་སྤྱོད་ཆེད་དོན་དག་ཐེར་བྱ་འགུལ”སྤེལ་ནའང་། གཞི་གྲངས་ལ་བལྟས་ན་བྱ་འགུལ་འདིའི་འབྲས་བུ་གསལ་པོ་ཞིག་མཐོང་དཀའ་བ་ཆགས་ཡོད་འདུག
   ཀྲུང་གོ་དང་བསྡུར་པ་ཡིན་ན། རྒྱལ་ཁབ་བམ་ས་ཆ་གཞན་དག་གིས་སྐྱེ་འགོག་རྫས་སྤྱོད་ཚད་ནི་ཤིན་ཏུ་ཉུང་བ་སྟེ། ༢༠༡༡/༢༠༡༢ ལོར་ཨ་རིས་སྐྱེ་འགོག་རྫས་སྤྱོད་ཚད་ཏུན་ཁྲི ༡.༧༩ འདུག་ཅིང་། དེ་ལས་ཕལ་ཆེ་བ་སྲོག་ཆགས་ཀྱི་སྟེང་དུ་སྤྱད་ཡོད་དེ་ཏུན་ཁྲི ༡.༤༦ ཟིན། མིའི་རིགས་ཀྱིས་ཏུན ༣༢༩༠ མ་གཏོགས་སྤྱད་མེད། ༢༠༡༣ ལོར་ཨིན་ཇི་སྐྱེ་འགོག་རྫས་ཏུན ༡༠༦༠ ལས་སྤྱད་མེད་ལ། དེའི་ནང་མིའི་རིགས་ཀྱིས་ཏུན ༦༤༠ ལས་སྤྱད་མེད་པ་རེད། ༢༠༡༡ ལོར་ཁ་ན་ཊས་མིའི་རིགས་ལ་ཏུན ༢༥༠ ལས་སྤྱད་མེད་འདུག
   གལ་སྲིད་སྡོམ་འབོར་གྱིས་ཀྲུང་གོར་མི་གྲངས་མང་དབང་གིས་སྐྱེ་འགོག་རྫས་སྤྱད་པའང་མང་བ་ཡིན་ནོ་ཟེར་ན། འོ་ན་མི་སྟོང་རེས་ཉིན་རེར་སྤྱད་ཚད(DDDs per 1000inhabitants per day)ལས་ཀྱང་ཀྲུང་གོས་མི་རེས་ཆ་སྙོམས་སྐྱེ་འགོག་རྫས་སྤྱད་ཚད་ཨ་རི་དང་ཡོ་རོབ་ལས་ཆེས་ཆེར་བརྒལ་འདུག་སྟེ། ༢༠༡༣ ལོར། ཀྲུང་གོའི་མི་སྟོང་རེས་ཉིན་རེར་སྐྱེ་འགོག་རྫས་སྤྱད་ཚད ༡༥༧ ཡིན་ལ། ཡོ་ཨ་ནས་མི་སྟོང་རེས་ཉིན་རེར་སྤྱད་ཚད ༢༠_༣༠བར་ཡིན་འདུག ༢༠༡༡/༢༠༡༢ ལོར་ཨ་རི་ནི༢༨.༨ དང་། ༢༠༡༣ ལོར་ཨིན་ཇི ༢༧.༤ ། ༢༠༡༡ ལོར་ཁ་ན་ཊ༢༠.༤ ། ༢༠༠༣ ལོར་ཡོ་རོབ ༢༠. ༡ རེད་འདུག  འདི་ལས། ཀྲུང་གོ་ནི་ཨ་རིའི་ལྡབ ༥.༥ དང་། ཨིན་ཇིའི་ལྡབ ༥.༧ ། ཁ་ན་ཊའི་ལྡབ ༧.༧ ། ཡོ་རོབ་ཀྱི་ལྡབ ༧.༨ ཡིན་པ་རྩི་ཐུབ་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག