ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སི་ཁྲོན་ཡུལ་སྐོར་ཐོན་ལས་ཀྱི་ཨང་བཅུ་བདམས་སྐབས་དཀར་མཛེས་ཀྱིས་གྲུབ་འབྲས་ལེགས་པོ་ལོན་པ།

2016-03-23 དབང་མོ།

ཉེ་ཆར་སི་ཁྲོན་ཉིན་རེའི་ཚགས་པར་ཁང་དང་། ཞིང་ཆེན་ཡུལ་སྐོར་མཐུན་ཚོགས་གཉིས་ཀྱིས་རྩ་འཛུགས་བྱས་ཤིང་།ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་མ་ལག་ཞུགས་པའི་ལོ་ལྔ་ཚན་བཅུ་གཉིས་པའི་སི་ཁྲོན་ཡུལ་སྐོར་གྱི་ཨང་བཅུ་ཞེས་པའི་མིང་རིམ་བདམ་པའ་བྱེད་སྒོའི་མཇག་འབྲས་ཕྱིར་བསྒྲགས་ཡོད་ཅིང་། ཨང་རིམ་རིགས་དྲུག་ལ་དབྱེ་ནས་ཁྱོན་བསྡོམ་བྱ་དགའ་དྲུག་ཅུ་ཐོབ་ཡོད།

ཐེངས་འདིའི་བྱེད་སྒོ་ནི་གྲོང་ཁྱེར་དང་ཁུལ་གྱིས་མཚམས་སྦྱར་ཞིང་། དྲ་ལམ་ནས་འདེམ་ཤོག་འཕེན་པ། ཆེད་མཁས་པས་ཞིབ་བདམ་བྱེད་པ་བཅས་ཟུང་དུ་སྦྲེལ་ནས་བདམས་པས། མི་གྲངས་བྱེ་བ་ལ་ཉེ་བས་དྲ་བ་དང་སྐད་འཕྲིན་སོགས་ཀྱི་ལམ་ནས་འདེམ་ཤོག་འཕངས་ཡོད་ལ། ཆེད་མཁས་དཔྱད་འདེམ་པས་ཡུལ་སྐོར་གྱི་ཡོང་འབབ་སྡོམ་འབོར་དང་། ཚོང་འགུག་དངུལ་འདྲེན་བྱས་པའི་ཚད། ལས་ཞུགས་མི་གྲངས་ག་ཚོད་སྐུལ་འདེད་ཐུབ་པ་སོགས་ཀྱི་ཕྱོགས་ནས་བདམ་བསལ་བྱས་ཤིང་། ཆེས་མཐར་ཡུལ་སྐོར་གྲོང་ཁྱེར་དང་ཁུལ་གྱི་ཨང་བཅུ་དང་། ཡུལ་སྐོར་ས་ཁུལ་དང་རྫོང་གི་ཨང་རིམ་བཅུ། ཡུལ་སྐོར་ལྗོངས་ཁུལ་གྱི་ཨང་རིམ་བཅུ། ཡུལ་སྐོར་རྣམ་གྲངས་ཀྱི་ཨང་རིམ་བཅུ། ཡུལ་སྐོར་གསར་དར་སྟོབས་ཤུགས་ཀྱི་ཨང་རིམ་བཅུ། ཡིད་མགུའི་སི་ཁྲོན་ཞེས་པའི་ཞབས་ཞུའི་ཚོང་རྟགས་ཀྱི་ཨང་རིམ་བཅུ་བཅས་ཁྱོན་ཨང་རིམ་རིགས་དྲུག་བགར་ཡོད།

དཀར་མཛེས་ཁུལ་གྱིས་ཐུན་མིན་གྱི་རང་བྱུང་ཐོན་ཁུངས་དང་། ཚན་རིག་དང་མཐུན་པའི་ཡུལ་སྐོར་འཕེལ་རྒྱས་འཐབ་ཇུས་བཅས་ལ་བརྟེན་ནས་ཐེངས་འདིའི་དཔྱད་འདེམ་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་དེ། དཀར་མཛེས་ཁུལ་ཡུལ་སྐོར་ཁུལ་དང་གྲོང་ཁྱེར་གྱི་ཨང་རིམ་བཅུ་ལ་ཚུད་པ་དང་། གསེར་རྟ་རྫོང་ཡུལ་སྐོར་ས་ཁུལ་དང་རྫོང་གི་ཨང་རིམ་བཅུ་ལ་ཚུད་ཡོད། དུང་དཀར་ལུང་བའི་ལྗོངས་ཁུལ་ཡུལ་སྐོར་ལྗོངས་ཁུལ་གྱི་ཨང་རིམ་བཅུ་ལ་ཚུད་ཡོད། འདབ་པའི་ཉིན་སྟེང་གནམ་ཐང་ཡུལ་སྐོར་རྣམ་གྲངས་ཀྱི་ཨང་རིམ་བཅུ་ལ་ཚུད་ཡོད། དཀར་མཛེས་ཀྱི་གེ་སར་གནམ་ཐང་ཡུལ་སྐོར་གསར་དར་སྟོབས་ཤུགས་ཀྱི་ཨང་རིམ་བཅུ་ལ་ཚུད་ཡོད། གསར་འགོད་པས་ཤེས་གསལ་ལྟར་ན། 2013ལོ་ནས་ད་ལྟའི་བར་ལ། སི་ཁྲོན་གྱི་ཡུལ་སྐོར་ཐོན་ལས་ཀྱི་ཨང་རིམ་བཅུ་ཞེས་པའི་མིང་རིམ་བདམ་པའི་བྱེད་སྒོ་ཐེངས་གསུམ་ལ་སྤེལ་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སུ་དབང་ལྡན་ཤོས་དང་སྤྱི་ཡིས་ཡིད་ཆེས་ཤོས་ཀྱི་བདམ་བསལ་བྱེད་སྒོ་ཞིག་ཡིན་པས། སི་ཁྲོན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚད་ལྡན་མིང་ཐོ་དང་འཕེལ་ཕྱོགས་ཆ་འཕྲིན་ལྟ་བུ་ཆགས་ཡོད། ད་ལོའི་དཔྱད་འདེམ་གྱི་བྱེད་སྒོའི་གནས་ཚུལ་ལ་བལྟས་ན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཡུལ་སྐོར་བརྒྱུད་ནས་ཕྱུག་འགྱུར་ཡོང་བའི་ལམ་བུ་འདི་སྔར་ལས་ཀྱང་འཐུས་ཚང་ཡོང་བཞིན་པ་ཤེས་ཐུབ།

འབྲེལ་ཡོད་རྩོམ་ཡིག