རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བློ་བཟང་རྒྱལ་མཚན་གྱིས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན། ལོ་57གོང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་རླབས་ཆེའི་དམངས་གཙོའི་བཅོས་སྒྱུར་བྱས་ཏེ“མངའ་བདག་ཆེན་པོ་གསུམ”གྱི་དབང་སྒྱུར་རྦད་དེ་མགོ་རྟིང་སློག་པ་དང་རུལ་སུངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་བཏང་བས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་དུས་དེ་ནས་བཟུང་ཡར་ལངས་བཅིངས་འགྲོལ་ཐོབ་ནས་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་བདག་པོར་གྱུར་ཡོད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་དྲན་གསོ་ཞུ་དགོས་པའི་དུས་ཆེན་གཟབ་རྒྱས་ཤིག་ཡིན་ཞིང་། དེར་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད། འདི་གར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་སྨོན་འདུན་ཞུ་རྒྱུ་དང་། བོད་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ལེགས་སྐྱེས་ཆེན་པོ་འབུལ་མཁན་གསར་བརྗེ་པ་རྒན་རབས་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལོ་57རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བྱ་གཞག་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པ”དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད། གཞུང་ཁོངས་རྐང་འཛིན་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད། 2015ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་ཐོན་རྫས་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་ནས་11%འཕར་ཏེ་གྲངས་གནས་གཉིས་ཀྱི་འཕར་ཚད་ལོ་23བསྟུད་མར་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་ནས“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་གཅིག་འཕར་ཏེ་གྲངས་གནས་གཉིས་ཀྱི་འཕར་ཚད་ལོ་13བསྟུད་མར་རྒྱུན་འཁྱོངས་ཐུབ་ཡོད། གཞུང་ལམ་གྱི་ལམ་ཐག་བསྡོམས་འབོར་སྤྱི་ལེ་ཁྲི་7.8ཟིན་པ་དང་། ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་སྐྱེལ་འདྲེན་བྱེད་བཞིན་པ། ལྷ་ཉིང་ལྕགས་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ། གློག་ཤུགས་འཕྲུལ་ཚན་ནས་གློག་འདོན་ཚད་ཆན་ཝ་ཁྲི་230ཟིན་པ། སྲིད་འཛིན་གྲོང་ཚོ་ཡོངས་ལ་སྒུལ་བདེའི་བརྡ་རྟགས་ཁྱབ་པ། ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་དང་། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་རིན་མི་དགོས་པའི་གཟུགས་པོ་བརྟག་དཔྱད་བཅས་རྒྱལ་ཡོངས་ནས་སྔོན་ལ་མངོན་འགྱུར་ཐུབ་པ་བཅས་བྱུང་ཡོད། ད་ཆའི་བོད་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། རིག་གནས་དར་རྒྱས། སྣོད་བཅུད་བཟང་བ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་ལ་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཏུའང་སླེབས་ཡོད།
བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་རླབས་ཆེན་ལག་ལེན་དངོས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་འཕེལ་རྒྱས་དང་དར་རྒྱས་གཏོང་ཐུབ་པ་ར་སྤྲོད་གང་ལེགས་བྱུང་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལས་ལྡོག་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་གཏོར་བཤིག་བྱེད་སྤྱོད་སྤེལ་མཚམས་གཏན་ནས་འཇོག་མྱོང་མེད། ཁོང་ཚོའི་བྱེད་སྤྱོད་དེ་རང་རྒྱལ་གྱི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྦད་དེ་རྒྱབ་འགལ་བྱས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཆེན་པོ་བཏང་བ་ཞིག་ཡིན་པས་ཕམ་ཉེས་སུ་འགྲོ་རྒྱུ་ངེས་གཏན་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བྱེད་ཐབས་ལ་ཇི་ལྟར་འགྱུར་ལྡོག་བཏང་ཡང་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་དོན་དངོས་ལ་རྩ་བ་ཉིད་ནས་འགྱུར་ལྡོག་གཏོང་མི་ཐུབ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་རྩ་བ་ཉིད་ནས་མེད་པ་བཟོ་མི་ཐུབ། བོད་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཚང་མས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོར་རྩ་བ་ཉིད་ནས་གཡོ་སྒུལ་གཏོང་མི་ཐུབ། བོད་འདི་ཉིད་རླབས་ཆེན་མེས་རྒྱལ་གྱི་པང་དུ་དར་རྒྱས་གོང་འཕེལ་འགྲོ་བའི་གོམ་སྟབས་བརྟན་པོ་རྩ་བ་ཉིད་ནས་འགོག་མི་ཐུབ།
དེང་སྐབས་རང་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པ་དང་འཕེལ་རྒྱས་མྱུར་པོ་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་འཕྲད་པའི་སྐབས་སུ་སླེབས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་བཀོད་སྒྲིག་གསར་པ་གནང་ཡོད། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཅིག་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་དང་། “འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”མཐའ་འཁྱོངས། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་གཞི་ཚུགས་ས་དང་ཤུགས་རྒྱག་སར་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན་བྱེད་པ། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་དང་། བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་དགོས།
རླབས་ཆེན་མེས་རྒྱལ་སྔར་བས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།
བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།
བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ།