ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”ས་ཁང་བདག་ཁོངས་ཀྱི་མ་དངུལ་སྒོར་དུང་ཕྱུར200ལས་བརྒལ་བ་བཏང་།

2016-03-30 ལྕགས་མཚོ།
        ཉེ་ལམ། བོད་ལྗོངས་ཀྱི་ས་ཁང་བདག་ཁོངས་ཐོན་ལས་ཀྱི་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། ཚོགས་འདུས2015ལོའི་རང་ལྗོངས་ཀྱི་ས་ཁང་བདག་ཁོངས་ལས་རིགས་ཀྱི་འཁོར་སྐྱོད་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་བསྡོམས་བྱས་ཏེ། 2016ལོའི་ས་ཁང་བདག་ཁོངས་བྱ་བའི་བསམ་ཕྱོགས་ལ་སྔོན་དཔག་བྱས། རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགོ་ཁྲིད་མི་སྣ་དང་རང་སྐྱོང་ལྗོངས་ས་ཁང་བདག་ཁོངས་ཐོན་ལས་མཐུན་ཚོགས་ཀྱི་ལས་འཛིན29དང་། མཐུན་ཚོགས་སུ་གསར་དུ་ཞུགས་པའི་ཚོགས་མིའི་ཁེ་ལས་བརྒྱད་ཀྱི་མི་སྣ་གཙོ་བོ་དག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས། 
  བོད་ལྗོངས་ས་ཁང་བདག་ཁོངས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བཟང་གིས་ཚོགས་ཐོག་ཏུ་2015ལོའི་ས་ཁང་བདག་ཁོངས་ཐོན་ལས་ཀྱི་སྙན་ཞུ་སྤེལ་ཞིང་། ཁོང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འདི་གའི་རིང་། རང་ལྗོངས་ཀྱི་ས་ཁང་བདག་ཁོངས་ཐོན་ལས་ཀྱི་འཕེལ་ཚད་ཧ་ཅང་མགྱོགས་ཤིང་། 2010ལོ་ནས་2015ལོའི་བར། རང་ལྗོངས་ཀྱི་ས་ཁང་བདག་ཁོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར8.096ནས་དུང་ཕྱུར204.40རུ་འཕར་བ་དང་། མ་དངུལ་འཇོག་གྲངས་ལྡབ20ཡིས་བརྒལ། ས་ཁང་བདག་ཁོངས་ཀྱི་ལེགས་འགྲུབ་རྒྱ་ཁྱོན་དེ་སྨི་གྲུ་བཞི་མ་ཁྲི19.37ནས་ཁྲི645.93དུ་འཕར་ཞིང་། ལྡབ33གྱིས་འཕར་སྣོན་བྱུང་། ས་ཁང་བདག་ཁོངས་ཀྱི་ཕྱིར་འཚོང་དེ་སྨི་གྲུ་བཞི་མ་ཁྲི19.37ནས་ཁྲི329.56ཏུ་འཕར་ཏེ་ལྡབ17གྱིས་འཕར། ས་ཁང་བདག་ཁོངས་གསར་འབྱེད་ཚོང་པ་དེ་ལོ་འགའི་སྔོན་གྱི་ཚོང་བདག 59 ནས་མིག་སྔའི150རུ་འཕར་ཡོད།  2015ལོར། རང་ལྗོངས་སུ་ས་ཁང་བདག་ཁོངས་ཀྱི་གསར་འབྱེད་རྣམ་གྲངས31ཡོད་པ་དང་། སྤྱིའི་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར59.1 དང་། གསར་འབྱེད་ས་ཞིང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་ཁྲི80.6ཡོད་ཅིང་། གསར་འབྱེད་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི175.07ཡོད། (དེའི་ཁྲོད་དུ་སྡོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི135.91ཡོད་ཅིང་། བསྡོམས་པས་ཁང་པ10281ཡོད་པ་དང་། སྡོད་ཁང་མ་ཡིན་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི39.16ཡོད)  
  ཟླ་བཟང་གིས་ད་རུང་2015ལོའི་ཁང་པ་འགྲེམ་སྟོན་དང་། ལས་རིགས་ཀྱི་གསོ་སྦྱོང་། ལས་རིགས་ཀྱི་བསམ་བློ་བརྗེ་རེས་སོགས་ཀྱི་ཐད་མཚམས་སྦྱོར་བྱས། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཁང་བདག་ཁོངས་ཀྱི་ཚོང་ར་སྔར་ལས་སྐྱེན་པོ་དང་ཚད་ལྡན་དུ་གཏོང་བ་དང་། ཞབས་ཞུའི་དོ་དམ་ལས་རིགས་ཀྱི་རེ་སྨོན་ཚུར་སྣང་བྱེད་ཆེད། ད་ལོའི་ཟླ3པར། རང་ལྗོངས་སུ་ས་ཁང་བདག་ཁོངས་གསར་འབྱེད་དང་། ལས་རིགས་ཞབས་ཞུའི་དོ་དམ་གཉིས་པོའི་ཆེད་དམིགས་ཨུ་ཡོན་ལྷན་ཁང་བཙུགས། 
  རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་གསེབ་གྲོང་ཁྱེར་འཛུགས་སྐྲུན་ཐིང་གི་ཐིན་ཀྲང་གཞོན་པ་ལིའུ་ཞིན་ཧྥེང་གིས་ན་ནིང་གི་བོད་ལྗོངས་ས་ཁང་བདག་ཁོངས་ཐོན་ལས་མཐུན་ཚོགས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཁོང་གིས་བསྟན་དོན། ད་ལོའི་བོད་ལྗོངས་ས་ཁང་བདག་ཁོངས་ཐོན་ལས་མཐུན་ཚོགས་ཀྱིས་སྔར་ལས་རང་ལྗོངས་ཀྱི་ས་ཁང་བདག་ཁོངས་ཁེ་ལས་སུ་ཞབས་ཞུའི་བྱ་བ་ལེགས་པོར་སྒྲུབ་དགོས་པར་མ་ཟད། མཚམས་མི་ཆད་པར་ལས་རིགས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་དང་། ཆེད་དམིགས་ཨུ་ཡོན་ལྷན་ཁང་གཉིས་པོ་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ་ལས་ཚོགས་ཀྱི་སྒྲིག་ཡིག་གཏིང་ཇེ་ཟབ་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། ལས་རིགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱ་བའི་དུས་མཚུངས་སུ།  སྟོན་དཔྱིད་གཉིས་ཀའི་ས་ཁང་བདག་ཁོངས་ཀྱི་བཀྲམ་འཚོང་ཚོང་འདུས་ལེགས་པོར་བསྒྲུབ་སྟེ་ཤུགས་ཆེན་པོས་ས་ཁང་བདག་ཁོངས་ཁྱབ་བསྒྲགས་བྱས་ཏེ་ཕྱིར་འཚོང་སྐུལ་སྤེལ་དང་བསགས་གྲངས་ཇེ་ཉུང་དུ་གཏོང་དགོས་ཞེས་བསྟན།
འབྲེལ་ཡོད་རྩོམ་ཡིག