ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དགུང་ལོ་མཐོ་བའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པར་སྲུང་སྐྱོབ་རང་བཞིན་གྱི་ཟིན་བཀོད་ལས་དོན་སྤེལ།

2016-03-30 བཀྲ་ཕུན།
        མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་སྨྱན་སྦྱོར་གྱི་རྣམ་པའི་ཐོག་ནས་རྒྱུན་འཛིན་པའི་ཆ་འཕྲིན་ཡོངས་རྫོགས་བསྡུ་སྒྲིག་ཟིན་བཀོད་བྱས་ཏེ་ནུས་ཤུགས་གང་ཡོད་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུ་ཡིན་པ་རེད།
        ཤིན་ཧྭ་གསར་འགྱུར་ཁང་ལ་ཟླ་བ་༣པའི་ཚེས་༢༥ཉིན་ལྷ་ས་ནས་ཏར་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། མིག་སྔར་བོད་ལྗོངས་ཀྱིས་དགུང་ལོ་མཐོ་བའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་སྐུ་མདུན་ནས་ཁོང་རྣམས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཡོངས་རྫོགས་བསྡུ་སྒྲིག་ཟིན་བཀོད་ཀྱིས་སྲུང་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད། དེ་ཡང་དེང་དུས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་སྨྱན་སྦྱོར་གྱི་རྣམ་པའི་ཐོག་ནས་རྒྱུན་འཛིན་པའི་འབྲེལ་ཡོད་ཀྱི་ཆ་འཕྲིན་ཡོངས་རྫོགས་བསྡུ་སྒྲིག་གནང་སྟེ་ནུས་ཤུགས་གང་ཡོད་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་གི་ལོ་རྒྱུས་ཀྱི་རྒྱུན་སྐྱོངས་ཐུབ་པ་དང་། བོད་ཀྱི་ཕུལ་བྱུང་རིག་གནས་ནམ་ཡང་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུའི་འགན་སྲུང་བྱེད་བཞིན་ཡོད་པ་རེད།
        ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་རིག་གནས་ནི་སྣ་མང་ཕུན་སུམ་ཚོགས་ཤིང་གཏིང་མཐའ་དཔོག་དཀའ་བ་ཞིག་ཡིན་ཞིང་། དངོས་མིན་རིག་གནས་ཤུལ་བཞག་ནི་དེའི་གལ་ཆེན་གྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་ནང་བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མང་དག་ཞིག་བསྟུད་མར་འདས་གྲོངས་ཕྱིན་པ་དང་། ད་ཡོད་ཀྱི་རྒྱུན་འཛིན་པ་མང་དག་ཞིག་དགུང་ལོ་མཐོ་བའི་རྐྱེན་གྱིས་རིམ་བཞིན་རྒྱུན་འཛིན་དར་སྤེལ་གཏོང་བའི་ལུས་ནུས་ཤོར་བས། དེར་བརྟེན་དགུང་ལོ་མཐོ་བའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་རྣམས་ལ་སྲུང་སྐྱོབ་རང་བཞིན་གྱི་བསྡུ་སྒྲིག་ཟིན་བཀོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད།
        བོད་རང་སྐྱོང་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཛིན་པ་ངག་དབང་བསྟན་འཛིན་ནས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་དུ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་༦༥ཡོད་པའི་ནང་ནས་རྒྱུན་འཛིན་པ་༡༣བསྟུད་མར་འདས་གྲོངས་སོང་ཏེ། རྩ་ཆེའི་དངོས་མིན་རིག་གནས་ཤུལ་བཞག་འགའ་ཞིག་ཉམས་ཆག་རྩ་གཏོང་གི་མཚམས་སུ་སླེབས་ཡོད། དེར་བརྟེན་དཀའ་ངལ་དེ་རིགས་མི་ཡོང་བའི་ཆེད་དུ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འབྲེལ་ཡོད་ཚན་པ་ཁག་ནས་ཡི་གེ་དང་པར་རིས། བརྙན་པར་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཕྱོགས་ཡོངས་ནས་རྒྱུན་འཛིན་པའི་ལག་རྩལ་ཁག་ཟིན་ཐོར་བཀོད་པ་དང་། དངོས་མིན་རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱུན་འཛིན་པ་དང་ཆེད་མཁས་གདན་ཞུས་བཅར་འདྲི་བྱས་ཏེ་རྒྱུན་འཛིན་པའི་ལས་ཀ་དང་འཚོ་བ་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས་དངོས་མིན་རིག་གནས་ཤུལ་བཞག་གི་འབྱུང་རྩ་སྔོག་སྤེལ་བྱེད་བཞིན་ཡོད།
        ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་སྲུང་སྐྱོང་རང་བཞིན་གྱི་བསྡུ་སྒྲིག་ཟིན་བཀོད་བྱེད་པའི་ལས་དོན་ནི་གཙོ་བོ་ལྷ་སའི་སྐྱོར་མོ་ལུང་ལྷ་མོའི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་བརྟན་རྡོ་རྗེ་དང་རིན་སྤུངས་ལྕང་དཀར་ལྷ་མོའི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་རིང་། བོད་ཀྱི་ཐང་གའི་སྒྱུ་རྩལ་ལས་སྨན་ཐང་ལུགས་ཀྱི་རྒྱལ་ཁབ་རི་པའི་རྒྱུན་འཛིན་པ་བསྟན་པ་རབ་བརྟན། བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཀུན་དགའ་རིག་འཛིན་སོགས་དགུང་ལོ་མཐོ་བའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་བཅུར་ཟིན་བཀོད་བསྡུ་སྒྲིག་བྱེད་པའི་ལས་དོན་ཁག་ཡོངས་སུ་སྤེལ་འཆར་ཡོད་པ་རེད། 
འབྲེལ་ཡོད་རྩོམ་ཡིག