ལོ31ཡིན་པའི་སྐལ་བཟང་ཕུན་ཚོགས་ཀྱིས་ཡིད་ལའང་མ་དྲན་པ་ཞིག་ལ། ཉིན་གསུམ་ནང་ཁོ་དང་ཁོའི་བག་གསར་ཟླ་བ་སྒྲོལ་མ་གཉིས་ཀྱི་གཉེན་པར་སྐད་འཕྲིན་ནས་ས་ཁྱབ་གནམ་ཁྱབ་ཏུ་སོང་། འདྲ་པར་འདི་དག་དྲ་ངོས་སུ་བཞག་ནས་ཆུ་ཚོད་བཞི་ཙམ་འགོར་རྗེས་ཀློག་གྲངས་ཁྲི10ཡན་བརྒལ་ཡོད་ལ། མི་སྒེར་གྱི་སྐད་འཕྲིན་དང་དྲ་བ། ཁ་པརappསོགས་སུ་གཅིག་རྗེས་གཉིས་མཐུད་དུ་བརྒྱུད་འགོད་བྱས་འདུག
80རྗེས་ཀྱི་བོད་རིགས་གཞོན་སྐྱེས་འདི་གཉིས་ཀྱི་གཉེན་པར་ལ་དོ་སྣང་འདི་འདྲ་ཆེན་པོ་ཞིག་བྱེད་དོན་ནི་བག་གསར་མག་གསར་གཉིས་ཀྱི་སྐྱེས་གཟུགས་མཛེས་པོ་ཡོད་པ་ཕུད། གཉེན་པར་འདི་དག་གིས་བོད་རིགས་གཞོན་སྐྱེས་གཉིས་ཀྱི་དེང་རབས་ཀྱི་གྲོང་ཁྱེར་འཚོ་བ་དང་མཐོ་སྒང་གི་འབྲོག་པའི་འཚོ་བའི་ཤིན་ཏུ་ཐ་དད་པའི་རྣམ་པ་བསྟན་ཡོད་པས་རེད།
མཐོ་སྒང་གི་རི་ཆུ་ནས་གྲོང་ཁྱེར་གྱི་ཐོག་ཁང་བར། ཕྱོགས་གཅིག་ལ་མ་ཎི་འཁོར་ལོ་བསྐོར་བ་དང་ནོར་ལུག་འཚོ་བ། རྡོ་བརྩེགས་ཁང་བར་སྡོད་པའི་རྣམ་པ་ཡོད་པ་དང་། ཕྱོགས་གཞན་ཞིག་ལ་དེང་རབས་ཀྱི་རྩེད་རྭ་དང་ཁཱ་ཧྥེ་ཁང་། རྒྱུག་འཁོར་སོགས་ཡོད། བོད་རིགས་གཞོན་སྐྱེས་འདི་གཉིས་ཀྱིས་གོན་ཆས་མི་འདྲ་བ་རེ་གོན་དུས་ཚོར་སྣང་ཡང་མི་འདྲ་བ་རེ་ཡོད་འདུག་སྟེ། སྲོལ་རྒྱུན་གྱི་གྱོན་ཆས་གོན་དུས་བོད་རིགས་ཡིན་པའི་ཚོར་སྣང་སྐྱེ་བ་དང་། དེང་རབས་ཀྱི་གོན་ཆས་དང་མིག་ཤེལ་གྱོན་དུས་དུས་རབས་ཀྱི་རྗེས་ཆོད་པའི་ཕོ་གསར་མི་གསར་གཉིས་ཡིན་པའི་ཚོར་བ་སྟེར་གྱི་འདུག
གཉེན་པར་འདི་དག་གི་རྒྱབ་ལྗོངས་ལ་གྲོང་ཁྱེར་གྱི་འཚོ་བ་དང་འབྲོག་པའི་འཚོ་བ་གཉིས་ཀ་འཇོག་དོན་ཅི་ཡིན་ནམ། ཉེ་ཆར་འདི་གའི་གསར་འགོད་པས་སྐལ་བཟང་ཕུན་ཚོགས་དང་དེའི་པར་ལེན་པ་ལ་བཅར་འདྲི་བྱས།
མག་གསར་སྐལ་བཟང་ཕུན་ཚོགས་ནི་སི་ཁྲོན་དཀར་མཛེས་བརྟན་པ་ནས་ཡིན་ལ། ས་ཁུལ་དེ་ནི་ཞིང་ལས་གཙོར་གཉེར་ཞིང་རྒྱལ་རོང་བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི་མང་ཤོས་ཟིན་ཡོད་པ་ཞིག་རེད། བག་གསར་ཟླ་བ་སྒྲོལ་མ་ནི་སི་ཁྲོན་རྔ་བ་སྨར་ཁམས་རྫོང་གི་ཞིང་ཁྱིམ་ཞིག་ནས་ཡིན། ཁོ་གཉིས་ཀ་བོད་རིགས་ཤ་སྟག་རེད།
“གྲོང་ཁྱེར་གྱི་ཡོད་ཚད་ཀྱིས་ང་ཚོའི་འཚོ་བ་ཕུན་སུམ་ཚོགས་ཤིང་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་འཇུག་མོད། ཡིན་ནའང་། འཚོ་བ་དེ་ལྟ་བུའི་རྒྱབ་ལོག་ན་ང་ཚོར་ཅི་ཞིག་བོར་སོང་བའི་ཚོར་བ་འདུག” སྐལ་བཟང་ཕུན་ཚོགས་ཀྱིས་དེ་ལྟར་བཤད།
སྐལ་བཟང་ཕུན་ཚོགས2009ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། པེ་ཅིན་དུ་ལོ་བཞིར་བསྡད་པ་དང་། དེ་ནས་ཕྱིར་ཁྲིན་ཏུར་ལོག་ཏེ་དམའ་འབྲིང་གི་སློབ་གྲོགས་ཤིག་དང་མཉམ་དུ་ཀུང་ཟི་ཞིག་བཙུགས།
ཉེ་སྔོན། བོད་རིགས་ཁྱོ་ཤུག་འདི་གཉིས་ཕ་ཡུལ་དུ་འབྱོར་ནས་གཉེར་སྟོན་གྲ་སྒྲིག་བྱེད་ཀྱི་འདུག སྐལ་བཟང་ཕུན་ཚོགས་ཀྱིས་ཁ་པར་བརྒྱུད་ནས་གསར་འགོད་པར་བཤད་པ་ལྟར་ན། བག་གསར་ཟླ་བ་སྒྲོལ་མས་རྔ་བ་དགེ་ཐོན་སློབ་གྲྭ་ནས་ངག་གླུ་བསླབས་མྱོང་ལ། ད་ལྟ་དྲ་ཐོག་ཚོང་ཁང་ཞིག་གཉེར་ནས་ལག་བཟོས་རྒྱན་ཆ་བཙོང་གི་ཡོད། ཁོ་གཉིས་ཀ་མོ་ཏྲོ་མིན་ཟེར།
ཁོས་བཤད་པ་ལྟར་ན། གཉེན་པར་འདི་དག་ཀྱང་ཆེད་དུ་སོང་ནས་བླངས་པ་མིན་པར། ལྷ་སར་འཚོགས་འདུ་ཞིག་ལ་འགྲོ་དགོས་པར་བསྟུན་ནས་དགོན་པ་སོགས་རྒྱབ་ལྗོངས་སུ་བྱས་པའི་པར་དེ་དག་བླངས་པ་དང་། ད་ལོའི་ལོ་མགོར་ཀུང་ཟིའི་ལས་མི་མཉམ་དུ་ཕྱི་གླིང་ལ་གུང་གསེང་རོལ་དུ་སོང་དུས་ཕྱི་གླིང་གི་པར་དེ་དག་བླངས་པ་ཡིན་ཟེར། རྔ་བའི་རྩྭ་ཐང་ཡོད་པའི་པར་དེ་དག་གི་སྐོར་ལ་ཁོ་ན་རེ། “ང་ནི་ཞིང་ཁྱིམ་ཞིག་ནས་སྐྱེས་ཀྱང་། རྩྭ་ཐང་གི་འཚོ་བ་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་པས། ངས་ཅི་ཐུབ་ཐུབ་ཀྱིས་གཉེན་པར་ལ་མི་རིགས་ཀྱི་ཁྱད་ཆོས་ཡོད་པར་བྱས་པ་ཡིན།”
“དེང་རབས་ཀྱི་སྤྱི་ཚོགས་ནང་ཕྱིའི་དངོས་པོ་ཤིན་ཏུ་མཐོང་ཆེན་བྱེད་ལ། མི་རབས་གསར་བའི་གཞོན་སྐྱེས་ཚོས་སོ་སོའི་རྨི་ལམ་གྱི་ཆེད་དུ་འབད་པ་ཅི་ཐུབ་ཐུབ་བྱེད་ཀྱི་ཡོད། ཡིན་ནའང་དེའི་གོ་རིམ་ཁྲོད་མི་འགའ་རེས་རང་ཉིད་འབོར་གྱི་ཡོད། རྒྱབ་ལྗོངས་ཐ་དད་པའི་གཉེན་པར་འདི་དག་བླངས་ཏེ། ང་ཚོས་བཤད་འདོད་པ་ནི་རྨི་ལམ་ལ་རེ་སྙེག་བྱེད་པའི་ལམ་བུར་རང་ཉིད་ཀྱི་དང་ཐོག་གི་དམིགས་ཡུལ་འདོར་མི་རུང་ཞེས་པ་དེ་ཡིན།” སྐལ་བཟང་ཕུན་ཚོགས་ཀྱིས་དེ་ལྟར་བརྗོད།(རྩོམ་འགན་པ། རྟ་མགྲིན)