ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྲོག་ཆགས་སྲུང་སྐྱོབ་བྱེད་པ་དེ"སྲོག་ཆགས་སྲུང་སྐྱོབ་ཀྱི་འཇིགས་སྐུལ་རིང་ལུགས"སུ་བསྐྱོད་པའི་རྒྱུ་མཚན།

2015-05-25
          སྲོག་ཆགས་སྲུང་སྐྱོབ་མི་སྣས་བྱི་ལ་དང་ཁྱི་གུ་སོགས་སྲོག་ཆགས་རིགས་ལ་མནར་གཅོད་གཏོང་མཁན་ཚོར་རྒོལ་གཏམ་དང་འཇིགས་སྣང་སྐྱེད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་སྟེ།   དྲ་ལམ་ནས་བྱི་ལར་མནར་གཅོད་གཏོང་པ་ཞེས་འཚོལ་བཤེར་བྱས་ཚེ་སྐབས་དེའི་ཉེས་ཅན་མང་པོ་འཚོལ་ཐུབ་ཅིང་།  ཁ་ཤས་ཀྱི་སྡོད་གནས་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་ད་ཆར་ཡང་གསལ་བོར་འཆར་ཐུབ་འདུག  དེ་ཡང་མི་གཞན་གྱི་ཁེ་དབང་ལ་གནོད་པར་མི་དོགས་པར་སྲོག་ཆགས་སྲུང་སྐྱོབ་བྱེད་མཁན་ཚོས་གཞན་ལ་སྡིག་དམོད་བྱེད་པ་དང་།  འཇིགས་སྣང་སྐུལ་བ།  གཞན་གྱི་གསང་བར་གནོད་པ་བཟོ་བའི་སྤྱོད་ལམ་དེར་ཀུན་གྱིས"སྲོག་ཆགས་སྲུང་སྐྱོབ་ཀྱི་འཇིགས་སྐུལ་རིང་ལུགས"ཞེས་ངོས་འཛིན་ཀྱི་ཡོད་རེད།
རི་དྭགས་སྲུང་སྐྱོབ་རིང་ལུགས་པ་དག་གིས་མིའི་རིགས་ཀྱིས་སྲོག་ཆགས་ཀྱི་པགས་པ་གྱོན་པར་ངོ་རྒོལ་བྱེད་བཞིན་པ།
          ནུབ་ཕྱོགས་སྤྱི་ཚོགས་ཀྱི་སྲོག་ཆགས་དང་འབྲེལ་བའི་འཇིགས་སྐུལ་རིང་ལུགས་པ་ནི་ཀྲུང་གོའི་སྲོག་ཆགས་སྲུང་སྐྱོབ་པ་དག་དང་་དང་མི་འདྲ་བར།  དེ་དག་ལ་བསམ་བློའི་འཁྱེར་སོ་དང་དམིགས་ཡུལ། བྱེད་ཐབས་གསལ་ཐག་ཡོད་ཅིང་།  སྒྲ་ཡངས་འཇུག་གི་ལམ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཇིགས་སྐུལ་རིང་ལུགས་པའི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱས་ཆོག  དེ་ལས་ཅུང་སྐད་གྲགས་ཆེ་ཤོས་ནི"སྲོག་ཆགས་བཅིངས་འགྲོལ་གྱི་དཔུང་ཁག"ཅེས་པ་སྟེ།  ཁོ་ཚོས་དེ་སྔོན་ཨོ་སི་ཁྲུ་རི་ཡ་ནས་སྲོག་ཆགས་ཀྱི་པགས་པ་ཉོ་ཚོང་མཁན་གྱི་རྒྱུ་ནོར་བཅོམ་གཏོར་བྱེད་པའི་ལས་སྒོ་ཅི་རིགས་སྤེལ་མྱོང་།   མ་ཟད "སའི་གོ་ལ་སྲུང་སྐྱོབ་ཀྱི་དཔུང་ཁག"ཅེས་པས་༢༠༠༡ ལོར་མེན་ཉེ་སུའུ་ཏ་གཙུག་ལག་སློབ་ཆེན་གྱི་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ཚོད་ལྟར་སྤྱོད་པའི་སྲོག་ཆགས་ཡོད་ཚད་ཕྱི་ལ་གཏོང་པ་སོགས་ཀྱི་ལས་སྒོ་སྤེལ་མྱོང་། རྩ་འཛུགས་འདི་དག་རིམ་གྱིས་ཇེ་རྒྱས་སུ་ཕྱིན་པས་ན།  ཨ་མེ་རི་ཁའི་མངའ་ཁོངས་བདེ་འཇགས་ཅུས་ཀྱིས་དེ་དག་རང་སའི་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཚབས་སུ་བགྲངས་ཡོད་དེ།  ༡༩༩༢ ལོར།  ཨ་རི་གཞུང་ཕྱོགས་ནས་སྲོག་ཆགས་བཅིངས་འགྲོལ་ལས་འགུལ་ལ་དམིགས་ཏེ《སྲོག་ཆགས་ཀྱི་ཐོན་རྫས་གཉེར་པའི་ཁེ་ལས་སྲུང་སྐྱོབ་བྱ་ཐབས》ཀྱི་སྒྲིག་སྲོལ་བཀྲམས་ནས་སྲོག་ཆགས་ཀྱི་རྒྱུ་ཆ་ཅི་རིགས་ཐོན་སྐྱེད་བྱེད་པའི་ཁེ་ལས་སྲུང་སྐྱོབ་བྱས་པ་དང་། ༢༠༠༦ ལོར་གྲོས་གཞི་དེའི་ཚབ་ཏུ《སྲོག་ཆགས་ཐོན་རྫས་ཁེ་ལས་ལ་འཇིགས་སྐུལ་རིང་ལུགས་ཀྱི་ཁྲིམས་དོན་གྲོས་གཞི》ཞེས་པ་བཀྲམས།
          རྩ་འཛུགས་འདི་དག་དང་ཀྲུང་གོའི་སྲོག་ཆགས་སྲུང་སྐྱོབ་པ་དག་གི་ཁྱད་པར་གཙོ་བོ་ནི།  རྗེས་མ་དེ་ནི་སྲོག་ཆགས་ཆུང་ངུར་དགའ་བའམ་སྲོག་ཆགས་ལྡོམ་པོའི་རིགས་སྲུང་སྐྱོབ་བྱ་བ་དེ་དམིགས་སུ་བཟུང་ཡོད་ཅིང་།  སྔ་མ་དེས་སྲོལ་རྒྱུན་གྱི་སྲོག་ཆགས་སྲུང་སྐྱོབ་དང་ཁྱིམ་གསོའི་སྲོག་ཆགས་ལ་ངོ་རྒོལ་བྱས་ནས་སྲོག་ཆགས་ཀྱི་ཁེ་དབང་བརྩོན་ལེན་བྱེད་པ་སྟེ།  སྲོག་ཆགས་སྲུང་སྐྱོབ་དང་ཁྱིམ་གསོའི་སྲོག་ཆགས་དག་ནི་མིའི་རིགས་ཀྱིས་ལག་ཆ་ཞིག་ཏུ་བེད་སྤྱད་ནས་སྲུང་སྐྱོབ་བྱས་པ་ལས་མ་འདས་པར་འདོད།  སྲོག་ཆགས་ཀྱི་ཁེ་དབང་བརྩོན་ལེན་མཁན་དག་གིས་སྲོག་ཆགས་རྒྱུད་ཀྱི་ཐོན་རྫས་གཉེར་བའི་ཁེ་ལས་རིགས་དང་འབྲེལ་ཡོད་མི་སྒེར་གྱི་རྒྱུ་ནོར་དབང་ཆར་གྱོང་གུད་བཟོ་སྲིད་ནའང་།  སྲོག་ཆགས་ཁེ་དབང་ལས་འགུལ་མ་བྱུང་པའི་དུས་འགོར་རང་ཉིད་ཀྱང་མི་མང་གི་ཐོབ་ཐང་བརྩོན་ལེན་བྱེད་མཁན་པ་དག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་གྱི་ཡོད།
          དེ་ཡང་ཆེས་ཐོག་མའི་སྲོག་ཆགས་ཀྱི་ཁེ་དབང་སྲུང་སྐྱོབ་དེ་བཟོ་ལས་གསར་བརྗེའི་སྐབས་ཡར་དེད་ཆོག་སྟེ།  སྐབས་དེའི"མི་ཆོས་མནའ་འབྲེལ"གྱི་སྤྱི་ཚོགས་རིང་ལུགས་པHenry Stephens Saltཡིས།  སྲོག་ཆགས་ནི་མི་རྣམས་དྲག་ཤུགས་དང་།  འཇིགས་སྐུལ།  གནོད་འཚེའི་ཁྲོད་བཅིངས་འགྲོལ་ཐོབ་པ་དང་གཉིས་སུ་མེད་པར་འདོད།  འཛམ་གླིང་འཁྲུག་ཆེན་དང་པོའི་སྔ་གཞུག་ཏུ་འཇར་མན་གྱིས"དྲག་སྤྱོད་མི་ཆོས་མནའ་འབྲེལ"དང"རྒྱལ་སྤྱིའི་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་རྩོད་མནའ་འབྲེལ"སོགས་རྩ་འཛུགས་ཀྱི་ལམ་ནས་སྲོག་ཆགས་ཀྱི་ཁེ་དབང་སྲུང་སྐྱོབ་ལས་འགུལ་དང་གྲལ་རིམ་འཐབ་རྩོད།  ཧྥ་ཤི་སིར་ངོ་རྒོལ་གྱི་ཞི་བདེ་ལས་འགུལ་རབ་དང་རིམ་པ་མཉམ་འབྲེལ་བྱས་ཡོད་པ་དང་།  འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་དཀར་ཟས་རིང་ལུགས་དང་།  རྔོན་ལས།  གནོད་འཚེ་བཅས་ལ་ངོ་རྒོལ་བྱེད་པའི་སྲོག་ཆགས་ཀྱི་ཁེ་དབང་སྲུང་སྐྱོབ་ལས་འགུལ་སྤེལ་བ།   བཟོ་ལས་ཅན་འཛུགས་བསྐྲུན་གྱིས་སྲོག་ཆགས་སྒོ་ཕྱུགས་ཏུ་འདུལ་བར་ངོ་རྒོལ་བྱེད་པ་བཅས་ཡུལ་ལུང་ཁག་གི་མིའི་རིགས་ཀྱི་ལས་འགུལ་ཁག་མཉམ་དུ་འདྲེས་པ་རེད།
སྲོག་ཆགས་སྲུང་སྐྱོབ་རྩ་འཛུགས་ཀྱི་ཁོངས་མིས་སྲོག་ཆགས་ཤི་བོ་དག་གི་བེམ་རོ་བཟུང་ནས་མྱ་ངན་ཞུ་བ་དང་དཀར་ཟས་རིང་ལུགས་ལ་འབོད་སྐུལ་བྱེད་པ།
          དྲག་སྤྱོད་ཀྱི་ལམ་ནས་སྲོག་ཆགས་བཅིང་འགྲོལ་ལས་འགུལ་སྤེལ་བར་རྙོག་དྲ་ཆེན་པོ་བྱུང་པ་སྨྲོས་མ་དགོས་པ་ཞིག་རེད་མོད།  དེང་སང་ནུབ་ཕྱོགས་སུ་སྲོག་ཆགས་ཀྱི་ཁེ་དབང་སྲུང་སྐྱོབ་ཐད་ཀུན་གྱིས་དོ་སྣང་དང་བགྲོ་གླེང་བྱེད་བཞིན་ཡོད་དེ།  ་དྲག་སྤྱོད་པ་ཉུང་ཤས་ཀྱི་ངོ་རྒོལ་ཙམ་ལ་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་མི་སྲིད་པས་ལུགས་མཐུན་གྱི་བགྲོ་གླེང་བྱེད་རྒྱུ་གལ་ཆེན་པོ་རེད།Henry Stephens Salt ནི་སྲོག་ཆགས་ཁེ་དབང་སྐོར་གྱི་གཞུང་ལུགས་ཐོག་མ་རྩོམ་མཁན་ཏེ། ཁོས་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་ངོས་ནས་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལ་རྣམ་ཤེས་ཡོད་པར་སྨྲ་བའི་ལྟ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་།  ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བ་ལྟར་ན་མི་དང་སྲོག་ཆགས་ཐད་དངོས་འབྲེལ་གྱི་ཁྱད་པར་གང་ཡང་མེད་པར་གཞིགས་ནས།    བཅའ་ཁྲིམས་སྨྲ་བ་དང་སྲིད་གཞུང་མེད་པར་སྨྲ་མཁནClara Wichmannགྱིས《གཅེས་ཟོག་གི་ཁྲིམས་ལུགས་གོ་གནས》ཞེས་པའི་ཁྲོད་དུ་ཡོར་ཧན་རྨིར་ནང་བཞིན་སྲོག་ཆགས་ཀྱི་བྲན་གཤིས་དང་བྲན་གཡོག་རིང་ལུགས་གཉིས་གཤིབ་བསྡུར་བྱས་འདུག       དེང་རབས་སྲོག་ཆགས་གི་ཁེ་དབང་སྨྲ་བའི་གཞུང་ལུགས་ཀྱི་རྨང་གཞི་ནི་དབྱིན་ཇིའི་རིག་པ་སྨྲ་བPeter Singer་ཡིན་ལ།  ཁོས ༡༩༧༥ ལོར《སྲོག་ཆགས་ཀྱི་བཅིངས་འགྲོལ》ཞེས་པའི་རྩོམ་དུ་འགྲོ་བ་མིའི་ཐོབ་ཐང་གི་རྨང་གཞི་ནི་མི་རྣམས་ལ་རང་སྒེར་གྱི་འདུ་ཤེས་དང་།  རང་དབང་གི་འདོད་བློ།  རྗེས་དཔག་གི་བསམ་གཞིགས་སོགས་ཀྱི་ནུས་པ་ལྡན་པའི་ལྟ་བ་བཏོན་ཡོད་མོད།  བྱིས་པ་དང་།   བསམ་བློའི་ནད་རིགས་ཅན་དག་ལ་ནུས་པ་འདི་འདྲ་ཡོད་མི་སྲིད་པས།  ཁོ་ཚོ་བྲན་དུ་འཁོལ་བའམ་མནར་གཅོད་མི་གཏོང་མི་ཆོག་པ་བཞིན་།   སྲོག་ཆགས་ཀྱི་ཁེ་དབང་ཡང་བཙན་འཕྲོག་བྱེད་མི་ཆོག་པ་རེད།
          ནུབ་ཕྱོགས་ཀྱི་རིག་སྨྲ་བ་དག་གིསSingerཀྱི་རྨང་གཞིའི་སྟེང་སྲོག་ཆགས་ཀྱི་ཁེ་དབང་ཐད་ཀྱི་གཞུང་ལུགས་ཅི་རིགས་བརྩམས་ཡོད་དེ། ཧ་ཝར་ཌི་སློབ་ཆེན་གྱི་ཁྲིམས་ལུགས་དགེ་རྒན་ཆེན་པོ།  དེང་རབས་སྲོག་ཆགས་ཁེ་དབང་ལས་འགུལ་གྱི་གདོང་ལེན་པ་ལྟ་བུSteven M. Wiseཡིས།  སྐྱེ་དངོས་ཡོད་དོ་ཅོག་ལ་ལག་ལེན་ལྟ་བུའི་ཆེས་གཞི་རྩའི་རང་དབང་ནི་ངེས་པར་དུ་ཡོད་དགོས་ཤིང་།   ཁོ་ཚོར་དམིགས་བྱ་ལྡན་པའི་ངང་རང་གི་འདོད་བློ་ཚིམ་པར་བྱས་ན་ད་གཟོད་རང་ཉིད་ལ་གང་ཞིག་ཐོབ་པར་འདོད་པའམ་རང་ཉིད་འཇིག་རྟེན་དུ་འཚོ་སྡོད་བྱས་ཡོད་པ་གསལ་བོར་རྟོགས་ཐུབ་པ་རེད་ཟེར།
          གཞུང་ལུགས་དེ་དག་ལ་མོས་མཐུན་མེད་མཁན་ཡང་མི་ཉུང་པ་ཡོད་དེ།   ཁྲིམས་དཔོན་ཆེན་མོ་པོ་ན་སི་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ཏེ།  ཁོས་ནི་སྤྱིར་བཏང་གི་མི་ཆོས་རིང་ལུགས་ཀྱི་ངོས་ཐད་ནས་སྲོག་ཆགས་བྱམས་བརྩེས་བསྐྱངས་ན་འགྲིག་འདུག་འདོད།
          ཅི་ནས་བཤད་ཀྱང་།  སྲོག་ཆགས་ཀྱི་ཁེ་དབང་ཐད་ལྟ་བ་མི་མཐུན་པ་མང་པོ་ཡོད་སྲིད་ནའང་།  ནུབ་ཕྱོགས་སྤྱི་ཚོགས་སུ་སྤྱི་དམངས་མང་ཤོས་ཀྱིས་གདངས་གཅིག་ཏུ་སྲོག་ཆགས་ལ་གནོད་འཚེ་གཏོང་མི་རུང་བ་ངོས་འཛིན་ཆགས་ཡོད་པ་དང་།  མི་མང་གིས་བཟོ་ལས་ཅན་འཛུགས་བསྐྲུན་གྱིས་སྲོག་ཆགས་གསོ་རར་འཇུག་པ་སོགས་རང་དབང་ལ་བཀག་སྡོམ་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད་ངོས་འཛིན་དེ་དག་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ཡང་ཡོད་དེ །  ༢༠༠༢ ལོར།  འཇར་མན་གྱིས་གཞི་རྩའི་བཅའ་ཁྲིམས་དང་པོར་འདེམས་ཤོག་འཕེན་དུས"རྒྱལ་ཁབ་ཀྱིས་མིའི་རིགས་ཀྱི་ལ་རྒྱར་བརྩི་འཇོག་བྱེད་དགོས"ཞེས་པ་དེ"རྒྱལ་ཁབ་ཀྱིས་མི་དང་སྲོག་ཆགས་ཀྱི་ལ་རྒྱར་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས"ཞེས་བཅོས་འདུག གཞན་ཨ་རིའི་ཡུལ་ལུང་མང་པོར་སྲོག་ཆགས་ལ་གནོད་འཚེ་བྱེད་མི་རུང་པའི་ཁྲིམས་ལུགས་ཀྱི་གཏན་འཁེལ་ཡོད་པ་རེད།
ཁོ་ལོམ་པི་ཡ་ཁཱ་རིའི་སྲོག་ཆགས་སྲུང་སྐྱོབ་པས་ལག་ཤུབས་དམར་པོ་གྱོན་ནས་གཡག་འཛིང་འགྲན་བསྡུར་སྤེལ་བར་ངོ་རྒོལ་བྱེད་ཀྱིན་པ།
          བྲན་གཡོག་དང་བུད་མེད།  མཚན་མཐུན་དགའ་རོགས་སྒྲིག་པ་སོགས་ཀྱི་ཁེ་དབང་ཐད་ཀྱང་དེ་སྔོན་མཁྲེགས་འཛིན་པ་དག་གིས་ཁུངས་མེད་འཆལ་གཏམ་དུ་སྣང་བ་བཞིན་སྲོག་ཆགས་ཀྱི་ཁེ་དབང་སྲུང་སྐྱོབ་ཐད་ཀྱང་ཀུན་གྱིས་དེ་འདྲའི་བསམ་ཚུལ་འཛིན་སྲིད་ནའང་།  མཐའ་མར་དེ་ཡང་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་གྱི་གྲུབ་ཆ་ཤིག་ཏུ་འགྱུར་ངེས་པ་མ་ཟད།   མི་རྣམས་ཀྱིས་སྲོག་ཆགས་ཀྱི་ཁེ་དབང་སྲུང་སྐྱོབ་ལ་ལྟ་སྟངས་ཡང་དག་འཛིན་སྲིད་པ་རེད། Nussbaumཡིས། གོ་ལ་ཡོངས་སུ་རྒྱུ་འབྲས་དྲང་སྙོམས་ཡོང་དགོས་ན། ང་ཚོས་རིགས་རྒྱུད་ཉུང་ཤས་ཁག་གིས་འཚོ་བ་སྐྱིད་པོ་རོལ་བར་སེམས་ཁུར་བྱེད་དགོས་པས་མི་ཚད། མིའི་རིགས་ཀྱི་འཚོ་བ་དང་གཞི་གཅིག་ཏུ་འདྲེས་པའི་སྲོག་ཆགས་རིགས་ལའང་སེམས་ཁུར་བྱེད་དགོས་ཞེས་པ་དེ་ནི་ཀུན་གྱིས་མཐོང་ཆེན་བྱེད་དགོས་པ་ཞིག་ཏུ་འཁུམས་སོ།
          ཀྲུང་གོའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་དང་སྲོག་ཆགས་དེ་རིགས་ལ་མནར་གཅོད་གཏོང་མཁན་ཚོར་ཕྱིར་བལྟ་བྱས་ཚེ།  ང་ཚོས་སྲོག་ཆགས་ཀྱི་ཁེ་དབང་སྣང་མེད་དུ་བཏང་ཡོད་པ་མ་ཟད་འགྲོ་བ་མིའི་ཐོབ་ཐང་ལའང་སྣང་མེད་བྱས་འདུག་པ་རེད།   ང་ཚོའི་ཁོར་ཡུག་ཏུ་མི་མང་ཤོས་ཀྱིས་གཏུམ་སྤྱོད་ནི་གནད་དོན་ཐག་གཅོད་ཀྱི་བྱེད་ཐབས་གོ་ཆོད་པ་ཞིག་ཏུ་ངོས་འཛིན་བྱས་འདུག  དེ་ལས་ང་ཚོ་ནི་དུས་རབས ༡༩ པའི་དུས་མཇུག་གི་དབྱིན་ཇི་བ་ནང་བཞིན་ཕྱོགས་གཅིག་ནས་སྲོག་ཆགས་ལ་གནོད་འཚེ་གཏོང་པར་ངོ་རྒོལ་དང་ཕྱོགས་གཅིག་ནས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་གྱི་དུས་རབས་སུ་ལུས་ཡོད་པ་གསལ་བོར་རྟོགས་ཐུབ།  དེང་གི་ཆར་ཀྲུང་གོའི་སྤྱི་ཚོགས་སུ་སྲོག་ཆགས་ཀྱི་ཁེ་དབང་སྲུང་སྐྱོབ་ནི་དོན་དུ་འཁྱོལ་བའི་གཏམ་ཞིག་ཏུ་མི་སྣང་ནའང་།  དེར་ངོ་རྒོལ་བྱེད་མཁན་ནི་ཉུང་ཤས་ཙམ་ལས་ཡོད་མི་སྲིད་པས།  རྒྱལ་ཁབ་དང་མི་སྒེར་གང་ཡིན་རུང་དེར་གནོད་འཚེ་གཏོང་མི་རུང་པ་ནི་གནད་གཙོ་བོ་ཞིག་གོ།
འབྲེལ་ཡོད་རྩོམ་ཡིག