འགྲེམ་བརྡ་སྤྱི་གཉེར་ཁང་གི་ལས་སྒྲུབ་མི་སྣ་ཞིག་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པར་བརྫུས་ནས། གཞན་ལ་གླེང་བརྗོད་ངན་པ་སེལ་རོགས་བྱེད་ཅེས་བཤད་དེ། རྫུན་བཤད་ནས་མི་གྲངས་བརྒྱ་ཕྲག་མང་པོར་མགོ་སྐོར་བཏང་ཡོད་འདུག རྒྱུས་ལོན་བྱུང་བ་ལྟར་ན། གྱོད་གཞི་དེའི་ནང་དུ་མགོ་སྐོར་བཏང་བའི་མི ༣༠༠ ལྷག་ཡོད་ལ། ཞིང་ཆེན ༢༡ གི་རྫོང་ཁག ༡༠༠ ལྷག་དང་འབྲེལ་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་བདེན་དཔང་སྔར་ལས་མང་པོ་འཚོལ་བསྡུ་བྱེད་པའི་ལས་ཀ་གཉེར་བཞིན་ཡོད། ཉེ་ཆར། པེ་ཅིན་གྲོང་ཁྱེར་ཧྥུང་ཐའེ་ཁུལ་མི་དམངས་ཁྲིམས་གཅོད་ཁང་གིས་གྱོད་གཞི་དེ་མགོ་སྐོར་ནག་ཉེས་ལ་བརྩིས་ཏེ་འཛིན་བཟུང་ཆོག་མཆན་གནང་ནས། དོགས་ཡོད་ཉེས་ཅན་མི་སྣ་ཀའོ་ག་གེ་མོ་དང་ཚའོ་ག་གེ་མོ། ཧུའུ་ག་གེ་མོ། ཝང་ག་གེ་མོ་སོགས་མི ༡༡ འཛིན་བཟུང་བྱས་འདུག
ལོ ༢༠ སོན་མ་ཐག་གི་ཧུའུ་ག་གེ་མོ་མཐོ་འབྲིང་མཐར་ཕྱིན་རྗེས་ཁྱིམ་གྱི་ཆ་རྐྱེན་ཞེན་པའི་སྟབས་ཀྱིས། སློབ་གཉེར་བྱེད་མཚམས་བཞག་ཏེ། ཡུལ་མི་འགའ་དང་མཉམ་དུ་པེ་ཅིན་གྲོང་ཁྱེར་དུ་ཕྱིན་ནས་ཡུལ་གྱར་བའི་འཚོ་བ་རོལ། ཁོ་རང་ལ་མཐོ་འབྲིང་གི་ཡོན་ཚད་ཙམ་ལས་མེད་པས་འོས་འཚམས་ཀྱི་ལས་ཀ་ཞིག་མ་རྙེད། ཐེངས་ཤིག་སྟེས་དབང་གིས་གོ་སྐབས་ཞིག་དང་འཕྲད་དེ་ལས་ཀ་རེག་པ་རེད།
ལས་ཀ་དེར་ཞུགས་པའི་ཉིན་དང་པོ་ནས་གསོ་སྦྱོང་བྱེད་འགོ་བརྩམས་དགོས་པ་དང་། ཁོ་ཚོའི་སྦྱིན་བདག་ཧུའུ་ཞེས་པས་གསར་དུ་ལས་ཞུགས་བྱས་པའི་ལས་སྒྲུབ་མི་སྣ་རེ་རེར་སྐད་ཆ་བཤད་སྟངས་སྦྱོང་བྱེད་ཀྱི་དེབ་ཆུང་རེ་སྤྲད་ལ། དེའི་ནང་དུ་མི་གཞན་ལ་ཇི་ལྟར་རྫུན་གཏམ་བཤད་ནས་མགོ་སྐོར་གཏོང་དགོས་པའི་སྐོར་བརྗོད་ཡོད། སྐབས་དེར་ཧུའུ་ག་གེ་མོ་ཡིས་རང་ཉིད་ཀྱི་ལས་ཀ་ནི་མི་གཞན་ལ་ཁ་པར་བཏང་སྟེ། རང་ཉིད་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཡིན་ཅེས་བཤད་དེ། འབྲེལ་ཡོད་སྡེ་ཁག་གི་ལག་ནས་རོགས་དངུལ་དང“དྲིལ་བསྒྲགས་གླ་རིན”ལེན་རྒྱུ་དེ་ཡིན་པ་གཞི་ནས་ཤེས་བ་རེད།
ཧུའུ་ག་གེ་མོ་ཡིས་རང་ཉིད་དང་སྦྱིན་བདག་གི་ལས་ཀ་དེ་ནི་ཁྲིམས་འགལ་ཞིག་ཡིན་པ་ཅུང་ཙམ་ཤེས་ཚོར་བྱུང་ནའང་། སྦྱིན་བདག་གི་བཀོད་སྒྲིག་ལྟར་ལས་ཀ་སྒྲུབ་དགོས་བྱུང་པ་དང་། མཇུག་མཐར་ཁོ་རང་ལ་དུས་ཡུན་ཐུང་ཐུང་ལོ་གཅིག་རིང་དུ་སྒོར་མོ་ཁྲི ༢༠ ཙམ་རེག་ཐུབ་པ་བྱུང་བ་རེད།
ད་ལོ་ལོ ༣༥ ལོན་པའི་ཀའོ་ག་གེ་མོ་ལ་སྦྱིན་བདག་ཀའོ་ཞེས་འབོད་པ་རེད། ༢༠༠༥ ལོར་མི་དེས་དགེ་རྒན་གྱི་ལས་ཀ་དོར་ནས་པེ་ཅིན་དུ་ཡོང་། ༢༠༡༠ ལོར། ཁོང་གིས་ཚའོ་ག་གེ་མོ་དང་མཉམ་དུ་པེ་ཅིན་ནས་འགྲེམ་བརྡ་སྤྱི་གཉེར་ཁང་ཞིག་བཙུགས་པ་རེད། ཡིན་ནའང་དེ་ཡི་ཡོང་འབབ་ཀྱིས་སྤྱི་གཉེར་ཁང་འཁོར་སྐྱོད་བྱེད་ཐུབ་པ་ཙམ་ཡིན་སྟབས། མི་དེ་གཉིས་ཀྱིས་ཇི་ལྟར་སྒོར་མོ་མང་པོ་བཙལ་དགོས་པའི་ཐད་ལ་བསམ་བློ་བཏང་བ་རེད། སྦྱིན་བདག་ཀའོ་དང་ཚའོ་ག་གེ་མོ་གཉིས་ཀྱིས་གླ་ཕོག་མང་པོ་གཏེར་རྒྱུ་འགན་ལེན་བྱེད་པའི་ཐབས་ལ་བརྟེན་ནས། ན་གཞོན་ཁ་མཁས་སྐོར་ཞིག་བསྡུས་ཏེ། ལས་བཟོ་བ་དེ་དག་ལས་ཞུགས་བྱས་རྗེས་ཆེད་དུ་གསོ་སྦྱོང་བྱས། མི་རེ་རེའི་ལག་ཏུ་རྫུན་གཏམ་བཤད་སྟངས་སྦྱོང་བྱེད་ཀྱི་དེབ་ཆུང་རེ་སྤྲད་ནས་གཟའ་འཁོར་གཅིག་ལ་གསོ་སྦྱོང་ཐེངས་རེ་བྱས་པ་རེད། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་ཁ་པར་བརྒྱུད་ནས་ཇི་ལྟར་རྫུན་གཏམ་བཤད་དེ་བདེ་བླག་ངང“དྲིལ་བསྒྲགས་གླ་རིན”ལེན་ཐབས་སྐོར་ཁྲིད་པ་རེད།
སྤྱི་གཉེར་ཁང་དེས“དྲིལ་བསྒྲགས་གླ་རིན”མང་པོ་ལོན་ཆེད་དུ། ལས་བཟོ་བ་སྐོར་ཞིག་གིས་ཆེད་དུ་དྲ་ཐོག་ནས་པེ་ཅིན་གྱི་ཉེ་འཁོར་གྲོང་ཚོ་དང་རྫོང་། སློབ་གྲྭ་སོགས་ཀྱི་གསར་འགྱུར་མི་ལེགས་པ་འཚོལ་བཤེར་བྱས། སྐོར་གཞན་ཞིག་གིས་ཁ་པར་རྩད་འདྲི་ཁང་དང་ལས་རེས་ཁང་སོགས་ལ་འབྲེལ་བ་བྱས་ཏེ། འབྲེལ་ཡོད་འགན་ཁུར་མི་སྣའི་ཁ་པར་ཨང་གྲངས་བཙལ་ཏེ། ཁ་པར་བཏང་ནས“དྲིལ་བསྒྲགས་གླ་རིན”བླངས་པ་རེད། བྱ་ཐབས་དེ་འདྲ་བརྒྱུད་ནས། མགོ་སྐོར་ཚོགས་པ་དེས་ཞིང་ཆེན ༢༡ གི་རྫོང་ཁག ༡༠༠ ལྷག་གི་མི་གྲངས ༣༠༠ ལྷག་ལ་མགོ་སྐོར་བཏང་ཡོད་པ་རེད།(རྩོམ་འགན་པ། སྒྲོལ་ཚེ)