ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པཎ་ཆེན་གྱིས་ཀྱང་སྐད་འཕྲིན་སྤྱོད་ཅིང་བླ་སྤྲུལ་ཁག་གདན་དྲངས་ནས་བགྲོ་གླེང་བྱེད།

2016-05-24

ཀྲུང་གོའི་བོད་ལྗོངས་དྲ་བས་བསྒྲགས་པ། ཟླ་ལྔ་བའི་ཚེས17ཉིན་གྱི་ཉིན་གུང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་གནམ་གྲུར་བཞུགས་ནས་ལྷ་ས་རུ་ཕེབས་ཤིང་བརྟག་དཔྱད་ཉམས་ཞིབ་དང་ཆོས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད། ཚེས་བཅུ་དགུ་ཉིན་ལ་ཁོང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ལ་མཇལ་འཕྲད་གནང་སྐབས་རང་ཉིད་ཀྱིས་སྐད་འཕྲིན་དང་པོད་ཕྲན། བརྙན་འཕྲིན། ཚགས་པར་སོགས་དང་། བོད་ཀྱི་བླ་སྤྲུལ་སྐྱེས་ཆེན་ཁག་བཞུགས་གནས་སུ་གདན་འདྲེན་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཡུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་དང་སྤུས་ཚད་ཇེ་བཟང་། ཆོས་དད་ཀྱི་རང་དབང་དང་དབང་ཆ་ལོངས་སུ་སྤྱོད་བཞིན་པ། མི་རྣམས་འཚོ་བ་སྐྱིད་ཅིང་བདེ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་ཡིན་ཞེས་བརྗོད་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཁག་གིས་བཞུགས་གླིང་རྡོ་རྗེ་ཕོ་བྲང་ནས་པཎ་ཆེན་འཁོར་དང་བཅས་པར་མཇལ་འཕྲད་བྱས་པ།

པཎ་ཆེན་མཆོག་ལོ་ཕྱེད་རྗེས་སུ་སླར་ཡང་བོད་ལ་ལོག་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་ཅིང་། ཁོང་གིས་ཐེངས་འདིར་མང་ཚོགས་དང་ཆོས་ལུགས་ཀྱི་སྡེ་དང་ཉེ་བར་བཅར་ཐུབ་པ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དེང་སྐབས་ཀྱི་གནས་བབས་དང་འཕེལ་རྒྱས། གོ་སྐབས་སོགས་སྔར་ལས་རྒྱས་ལོན་པའི་གོ་སྐབས་ལེགས་པོ་ཞིག་རེད། བོད་ལྗོངས་ནི་རང་རྒྱལ་ཀྱི་ས་ཁོངས་གལ་ཆེན་པོ་ཞིག་དང་ཁ་བྲལ་ལ་རྒོལ་བའི་མདུན་ས་ཡིན་པའི་ཆ་ནས་བོད་ལྗོངས་ཀྱི་གནས་བབས་ཞི་མཐུན་བརྟན་བརླིང་ཡིན་ཞིང་། མང་ཚོགས་ཀྱི་འཚོ་བ་སྐྱིད་པ་མཐོང་དུས་བློ་བདེ་བ་ཞིག་རེད་ཅེས་བརྗོད་ཡོད།

མཇལ་འཕྲད་སྐབས་སུ་པཎ་ཆེན་གྱིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་ལ་བཀའ་དྲིན་ཞུས་པ།

པཎ་ཆེན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་སྒོ་འདིར་མཐོང་ཆེན་གནང་ཞིང་། སེམས་ཞིབ་མོས་བཀོད་སྒྲིག་དང་ནུས་པ་གང་ཡོད་ཀྱིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ཤིང་། ཕྱིས་ཀྱི་སྤྱི་ཚོགས་ཉམས་ཞིབ་དང་གམ་བཅར་ལྟ་སྐོར་སོགས་ཀྱི་སྐབས་སུ་རང་ཉིད་གཞི་རིམ་གྱི་གྲོང་ཚོ་དང་མང་ཚོགས་ཀྱི་གྲས་སུ་ཕྱིན་ནས་མང་ཚོགས་ཀྱིས་འཚོ་བ་ལ་བཟུང་བའི་ཕུགས་འདུན་སོགས་ལ་རྒྱུས་ལོན་པ་བྱས་སྟེ་བོད་ཀྱི་ཞི་མཐུན་བརྟན་བརླིང་ལ་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཁོང་གིས་བརྗོད་དོན། བློ་མཐུན་ཞིས་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོའི་འོག་དང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་སྲ་བརྟན་འོག བོད་ལྗོངས་ཀྱི་མདུན་ལྗོངས་ནི་སྔར་ལས་ལེགས་ངེས་ཅན་ཡིན། རང་ཉིད་ཆོས་ལུགས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་པའི་སྡེ་ཡིས་ནུས་པ་གང་ལེགས་བཏོན་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པོ་ཡོང་བར་སྐུལ་འདེད་བྱ་རྒྱུ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་རྒྱུ་མིན་ཞེས་བསམ་ཚུལ་བསྟན་ཡོད་ལ། ཆེས་མཐར་དེར་འདུས་ཡོངས་ལ་བསམ་དོན་འགྲུབ་ཅིང་བཀྲ་ཤིས་པའི་སྨོན་འདུན་བསྟན་ཡོད།

མཇལ་འཕྲད་གྲུབ་རྗེས་པཎ་ཆེན་གྱིས་ཚོགས་ཞུགས་པ་ཚོར་ལེགས་སྐྱེས་ཕུལ་ལ། པར་ནི་པཎ་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གཉིས་ཡིན།

ཐེངས་འདིར་པཎ་ཆེན་ཕེབས་བསུ་དང་འཚམ་འདྲི། མཇལ་འཕྲད་བཅས་སུ་བཅར་བའི་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ལ་པད་མ་འཕྲིན་ལས་དང་བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཝང་རེ་ལེན་སོགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་དང་། རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་བློ་མཐུན་སོགས་ཡོད།

འབྲེལ་ཡོད་རྩོམ་ཡིག