གསར་འགོད་པས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་8ཚེས་2ཉིན་ནས་ཚེས་4ཉིན་བར་པེ་ཅིང་དུ་སྐབས་དྲུག་པའི་པེ་ཅིང་གི་རྒྱལ་སྤྱིའི་བོད་རིག་པ་དཔྱད་གླེང་ཚོགས་འདུ་འཚོག་གྲབས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་དང་ལྟ་ཞིབ་པ་325ཙམ་ཚོགས་འདུར་ཞུགས་གྲབས་ཡོད།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏེ་ཁྲང་གིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་གནང་བ་ཡིན་ཞིང་། ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་ནང་དུ་ཆེད་རྩོམ་300བདམས་ཐོན་བྱུང་ཡོད་པ་དང་། གྲོས་བསྡུར་གྱི་ནང་དོན་དུ་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སོ་སོ་དང་འབྲེལ་བ་ཡོད་པ་ཡིན་ཏེ། དེང་རབས་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་བསྒྱུར་རྣམ་དང་འཕོ་འགྱུར། དཔལ་འབྱོར་འཕེལ་རྒྱས་དང་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བ།“རྒྱུད་གཅིག་ལམ་གཅིག”དང་ཡ་གླིང་ལྷོ་མའི་ཕྱོགས་སུ་གལ་ཆེའི་ལམ་བུ་གསར་འཛུགས་སོགས་ཚུད་ཡོད།
ངོ་སྤྲོད་གནང་པར་གཞིགས་ན། ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་ཁྱད་ཆོས་གཙོ་བོ་ནི་རིག་ཚན་གྲོས་བསྡུར་ཚོགས་ཆུང་བཀོད་སྒྲིག་གི་ཕྱོགས་ཡིན་ཞིང་། གཙོ་སྒྲུབ་ལས་ཁུངས་ཀྱིས་དུས་འགོ་ཇུས་འགོད་ཚོགས་ཆུང་བགོ་བ་དང་མཁས་པས་རང་དབང་གི་འདོད་མོས་ལྟར་ཚོགས་ཆུང་བགོ་བ་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོར་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་གསར་པའི་བསམ་བློ་བརྗེ་རེས་བྱ་ཆོག་པའི་སྟེགས་བུ་ཞིག་དང་ཆེད་ལས་རང་བཞིན་དང་རིག་གཞུང་རང་བཞིན་ཇེ་དྲག་ཏུ་གཏོང་བའི་དཔྱད་གླེང་ཚོགས་འདུའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་ནོ།
ཚོགས་འདུའི་རིང་ལ་གཙོ་སྒྲུབ་ལས་ཁུངས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་སྤྲུལ་སྐུ་ཡང་སྲིད་སྐོར་གྱི་ཆེད་བསྒྲིགས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་བཀོད་སྒྲིག་བྱ་རྒྱུ་ཡིན་པའི་ཁར། མི་རིགས་ཀྱི་ལོ་རྒྱུས་མཚོན་པའི་དངོས་མཚོན་ཆེད་དོན་གློག་བརྙན་《མི་ཡུལ་གྱི་དག་ཞིང་》ཞེས་པའི་མཛད་སྒོ་སྤེལ་རྒྱུ་ཡིན་པ་དང་། མིང་དང་ཆིང་རྒྱལ་རབས་ནས་བཟུང་པེ་ཅིང་དང་སོག་རིགས་ས་ཁུལ་གྱི་བོད་ཡིག་ཡིག་ཚགས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོའང་མང་པོ་ཞིག་སྤེལ་གྲབས་ཡོད།
1991ལོ་ནས་ད་ལྟའི་བར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཁེར་རྐྱང་ངམ་ཡང་ན་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གཉིས་དང་ཐུན་མོང་སྒོས་རྒྱལ་སྤྱིའི་རང་བཞིན་གྱི་པེ་ཅིང་གི་བོད་རིག་པ་དཔྱད་གླེང་ཚོགས་འདུ་སྐབས་5གཙོ་གཉེར་གནང་ཡོད།