ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཕྱི་རྒྱལ་ཡུལ་སྐོར་བ་ཞིག་གིས་ཡུན་རིང་རྗེས་བསྙེགས་མཐར་བསམ་དོན་འགྲུབ་ནས་པཎ་ཆེན་གྱི་ཕྱག་དབང་ཐོབ་པ།

2016-05-30

           ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཟླ་འདིའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཕེབས་སའི་བཀྲ་ཤིས་ལྷུན་པོ་རུ་མི་ཚོགས་ཀྱི་འཚང་ཀས་ལམ་མི་རྙེད་ཅིང་། ཁོང་ཉིད་ཀྱི་སྔ་དྲོའི་མཛད་རིམ་ནི་ལྷ་ཁང་དང་སྐུ་གདུང་ཁག་ལ་མཇལ་རྒྱུ་ལས། ཆོས་དད་མང་ཚོགས་ལ་མཇལ་ཁ་གནང་རྒྱུ་མེད་མོད། བཀྲ་ཤིས་ལྷུན་པོའི་ལྷ་ཁང་ཁག་སྒོ་ཕྱེ་མ་ཐག་འདུས་འོང་པའི་མཇལ་བ་མཚམས་མི་ཅད་པར་ཁོང་གི་ཕྱག་དབང་འཐོབ་པར་འདོད་པས། པཎ་ཆེན་གྱིས་དེ་དག་རེ་འདོད་བསྐངས་ནས་ཐེངས་གསུམ་ལ་འགྲོ་མཚམས་བཞག་ཅིང་མཇལ་ཁ་གནང་ཡོད། འདིའི་གྲས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་བའང་ཡོད་ཅིང་ཁོང་གིས་ཁོ་ཚོ་དང་དབྱིན་སྐད་ཀྱིས་བཀའ་མོལ་གནང་ཡོད།


           པཎ་ཆེན་གྱིས་མཇལ་བ་ཚོའི་རེ་འདོད་བཞིན་ཐེངས་གསུམ་ལ་འགྲོ་མཚམས་བཞག་ཅིང་ཕྱག་དབང་གནང་ལ། ཕྱི་རྒྱལ་གྱི་འགྲུལ་བ་ཚོར་དབྱིན་སྐད་གྱིས་བཀའ་མོལ་གནང་།

           མཛད་རིམ་བཀོད་སྒྲིག་བཞིན་དུ་ཞོགས་པའི་ཆུ་ཚོད་བཅུ་བ་ཡས་མས་ལ་ཕྱག་ཏུ་སྤོས་སྣ་དང་གདུགས། རྒྱལ་མཚན། རོལ་མོ་སོགས་ཕྱག་ཏུ་བསྣམས་པའི་སེར་ཕྲེང་གིས་མདུན་ཕྱེ་ཞིང་། པཎ་ཆེན་རིམ་པ་བཞིན་བཀྲ་ཤིས་ལྷུན་པོའི་ལྷ་ཁང་དང་སྐུ་གདུང་ཉེར་དྲུག་ལ་མཇལ་བར་ཕེབས། མཇལ་བ་མང་པོས་པཎ་ཆེན་ཕྱིར་བཀྲ་ཤིས་ལྷུན་པོ་ལ་ཕེབས་ཡོད་པ་ཐོས་རྗེས་ཉི་མ་རེ་རེ་བཞིན་དགོན་པར་ཡོང་ཞིང་པཎ་ཆེན་ལ་མཇལ་བའི་རེ་བ་བཅིངས་ཡོད། མཇལ་བའི་ཁྲོད་དུ་རྒན་དར་གཞོན་གསུམ་ཡོད་པ་མ་ཟད་ཕྱི་རྒྱལ་གྱི་འགྲུལ་བའང་ཡོད་ལ། ཚང་མས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཐུགས་སྨོན་རྣམ་དག་གི་རྗེས་འཛིན་ལ་རེ་ཡོད།

           པཎ་ཆེན་ཕེབས་པ་ཐོས་རྗེས་ཆེད་དུ་ཞལ་མཇལ་ལ་ཡོང་བའི་དད་ལྡན་པ་ཚོ།

           ཐེངས་འདིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་མཇལ་བ་མ་བཀག་ཅིང་། ཆོས་ལུགས་མི་སྣ་མ་གཏོག་ཞུགས་མི་ཆོག་པ་མ་བྱས་པས་པཎ་ཆེན་ཕེབས་པའི་གནས་ཀུན་དུ་མཇལ་བས་འཚང་ཀ་ཤིག་ཤིག་བྱེད། པཎ་ཆེན་གྱིས་དད་ལྡན་པ་ཚོའི་རེ་འདོད་བསྐངས་ཤིང་། ལྷ་ཁང་དང་སྐུ་གདུང་ལ་མཇལ་བའི་སྐབས་སུ་ཐེངས་གསུམ་ལ་མཇལ་མཚམས་བཞག་ནས་དད་ལྡན་པ་ཚོར་ཕྱག་དབང་གནང་ཡོད། ཉི་ཧོང་ནས་ཡོང་བའི་དད་ལྡན་པ་ཞིག་གིས་དྲ་བའི་གསར་འགོད་པ་ལ་ཁོ་ཐེངས་འདིར་བོད་ལྗོངས་ལ་ཡོང་རྗེས་ཆེད་དུ་ལམ་གང་བོར་པཎ་ཆེན་གྱི་རྗེས་བསྙེགས་པ་ཡིན་ཞིང་། ཉིན་འགའི་སྔོན་ལ་ལྷ་ས་ནས་ཕྱག་དབང་ཐེངས་གཅིག་ཐོབ་བྱུང་བ་དང་། དེ་རིང་ཡང་ཐེངས་གཅིག་ཐོབ་བྱུང་བས་རང་ཉིད་བསོད་བདེ་ཆེན་པོ་རེད་སྙམ་ཟེར། ཉི་ཧོང་གི་དད་ལྡན་པ་དེ་ལས་གཞན་ད་དུང་ཡོ་རོབ་ཀྱི་རྒྱལ་ཁབ་ནས་ཡོང་བའི་ཡུལ་སྐོར་བ་ཚོ་ཡང་གྲལ་དུ་བསྒྲིགས་ནས་པཎ་ཆེན་གྱི་ཕྱག་དབང་འཐོབ་ཐབས་བྱས་ཡོད། པཎ་ཆེན་གྱིས་ཁོང་ཚོ་ལ་དབྱིན་སྐད་ཀྱི་སྒོ་ནས་དགའ་བསུ་ཞུས་བྱུང་། ཕྱག་དབང་ཐོབ་རྗེས་ཁོ་ཚོ་འབྲལ་མི་ཕོད་པ་ལྟར་དེ་གར་བསྡད་ཅིང་ཡང་དང་ཡང་དུ་པར་བརྡབས་ནས་རྗེས་དྲན་དུ་ཉར་ཡོད།

           པཎ་ཆེན་སྐུ་གདུང་དང་ལྷ་ཁང་དག་ལ་མཇལ་བཞིན་པ།

            ཡར་སྔོན་དྲ་བའི་གསར་འགོད་པས་རྩོམ་ཡིག་ཅིག་ཏུ་པཎ་ཆེན་ལ་མཇལ་དགོས་ན་དཀའ་ཁག་ཆེན་པོ་མིན་པར་གཙོ་བོ་ལས་འཕྲོ་ཞིག་དགོས་ཞེས་བརྗོད་ཡོད། འདི་ལྟར་ཟླ་ཕྱེད་ལྷག་ལ་བསྒུགས་པའམ། ག་ས་གང་དུ་སྐད་ཆ་དྲིས་པ། ཡང་ན་རྗེས་བསྙེགས་ནས་འགྲོ་བ་སོགས་དད་པ་རྣམ་དག་དང་ལྡན་པ་འདི་དག་སུ་ཞིག་ཡིན་རུང་བསམ་དོན་ཡིད་བཞིན་དུ་འགྲུབ་ངེས་རེད།

            པཎ་ཆེན་བཞུགས་གླིང་གི་ཕྱི་རོལ་དུ་དད་ལྡན་པ་མང་པོ་འཛོམས་ཡོད། ཁོང་ཚོས་པཎ་ཆེན་གྱི་ཞལ་མཇལ་ཆེད་ཉི་མ་རེ་རེ་འདི་གར་བསྒུགས་པ་རེད།

འབྲེལ་ཡོད་རྩོམ་ཡིག